པདྨ་ཚེ་བརྟན་གྱི་གློག་བརྙན་གསར་པར་རྒྱལ་སྤྱིའི་བྱ་དགའ་ཐོབ་འདུག

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱི་གློག་བརྙན་གསར་པ་ལག་དམར་ཞེས་པ་དེར། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྲགས་ཆེན་ཞིག་གི་ནང་དུ། འཁྲབ་གཞུང་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག་པ་དང་། ཁོང་གི་གློག་བརྙན་གཞན་ལ་ཡང་རྒྱལ་སྤྱིའི་ནང་གདེང་འཇོག་ཆེན་པོ་ཐོབ་མྱོང་ཡོད་པ་རེད།

ཟླ་༩ པའི་ཚེས་༨ ཉིན་ཨི་ཊ་ལིའི་ཝེ་ནཱེ་སི་(Venice)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་༧༥ པའི་ཐོག དེ་སྔོན་རྒྱལ་སྤྱིའི་ནང་གདེང་འཇོག་ཆེན་པོ་ཐོབ་པའི་གློག་བརྙན་ཁྱི་རྒན་དང་ཐར་ལོ་སོགས་ཀྱི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་གསར་པ་ལག་དམརཞེས་པ་དེར། འཁྲབ་གཞུང་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག་པ་དང་། དྲ་ཐོག་ནས་བོད་མི་མང་པོ་ཞིག་གིས་དགའ་བསུ་ཞུ་བཞིན་འདུག

བོད་ནང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། པདྨ་ཚེ་བརྟན་གྱིས་གློག་བརྙན་འདིར་སྔོན་དང་མི་འདྲ་བའི་ཚོད་ལྟ་མང་པོ་བྱས་ཡོད་པ་མ་ཟད། གློག་བརྙན་གྱི་དགོས་དབང་ལྟར་དོན་བརྗོད་ཀྱི་འཁྲབ་སྟངས་མི་འདྲ་བའང་སྤྱད་ནས“གཞན་མཚུངས་མ་ཡིན་པའི་ལག་དམར”ཞིག་གི་རང་བཞིན་ཞིབ་བརྗོད་བྱས་ཡོད་པ་དང་། འཁྲབ་ཁྲིད་པ་ཝང་ཅ་བེ་ཆེད་དུ་གློག་བརྙན་འདིའི་ལྟ་སྐུལ་པར་གདན་ཞུ་བྱས་ཤིང་། རྒྱ་ནག་དང་རྒྱལ་སྤྱིའི་ནང་དུ་བྱ་དགའ་མང་པོ་ཐོབ་མྱོང་བའི་གློག་བརྙན་པ་སྐོར་ཞིག་ཀྱང་གློག་བརྙན་འདིའི་ཕབ་སྐྲུན་ཚོགས་པར་ཞུགས་ཡོད་པར་བརྗོད་འདུག

གློག་བརྙན་གྱི་འཁྲབ་གཞུང་ནི་པདྨ་ཚེ་བརྟན་ཁོང་གི་སྒྲུང་གཏམ《ལུག་གཅིག་ལྔ་ལམ་དུ་བརྫངས་པ》ཞེས་པ་དང་རྩོམ་པ་པོ་ཚེ་རིང་ནོར་བུའི་སྒྲུང་གཏམ《ལག་དམར》ཞེས་པ་གཉིས་བཅོས་བསྒྲིགས་བྱས་པ་ཡིན་ལ།  དེའི་ནང་ཤ་འཁོན་ལེན་པའི་དོན་རྐྱེན་ཞིག་ལས་དངུལ་སྒོར་བྱིན་ནས་ཕ་རོལ་པ་སྐྱོབ་པ་དང་བསྐྱུར་པའི་གཏམ་རྒྱུད་ཅིག་ཡིན་འདུག

པདྨ་ཚེ་བརྟན་ནི་རྩོམ་པ་པོ་དང་ལོ་ཙཱ་བ། འཁྲབ་གཞུང་རྩོམ་པ་པོ། འཁྲབ་ཁྲིད་པ་བཅས་ཀྱི་ལས་ཀ་གཅིག་ལྕོགས་བྱེད་མཁན་ཞིག་ཡིན་པ་དང་། བོད་དང་རྒྱ་ནག དེ་བཞིན་རྒྱལ་སྤྱིའི་ནང་དུ་ཁོང་གི་སྒྱུ་རྩལ་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད། ཁོང་གིས་བཟོ་སྐྲུན་བྱས་ཟིན་པའི་གློག་བརྙན་ནང་དུ། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ། འཚོལ། ཁྱི་རྒན། ཐར་ལོ། དེ་བཞིན་ལག་དམར་སོགས་ཡོད་པ་རེད་ལ། ཁྱི་རྒན་དང་ཐར་ལོ་རྒྱལ་སྤྱིའི་ནང་རྩེ་ཕུད་བྱ་དགའ་མང་པོ་ཐོབ་མྱོང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༤༡ ཀློག་གྲངས།