བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་ནང་སླར་གསོ་བྱས་པའི་ལོ་འཁོར་དུས་དྲན།

མི་རིགས་གཅིག་གི་འཐབ་རྩོད་ཀྱི་འབྱུང་ཁུངས་དེ་མི་རིགས་དེའི་ཆོས་དང་རིག་གཞུང་། སྐད་ཡིག་ཆགས་ཀྱི་ཡོད་སྟབས། དེ་བརླགས་པ་ཡིན་ན་མི་རིགས་བརླགས་པ་དང་གཅིག་པ་འདྲ་པོ་ཞིག་ཆགས་ཀྱི་ཡོད་སྐོར་སྤྱི་འཐུས་ཚོགས་གཙོས་བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་ནང་སླར་གསོ་བྱས་པའི་ལོ་འཁོར་དུས་དྲན་ཐོག་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༡༠ ཉིན་གྱི་སྔ་དྲོར་དྷ་ས་མེག་གྷན་ཁཱི་ལོབ་གསོལ་མགྲོན་ཁང་(Club house)གི་ཚོགས་ཁང་ནང་། བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་ནང་སླར་གསོ་བྱས་ནས་ལོ་ངོ་༣༤ འཁོར་བའི་དུས་དྲན་མཛད་སྒོ་ཞིག་འཚོགས་སོང་ཞིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། དམིགས་བསལ་སྐུ་མགྲོན་བཙུན་མའི་ལས་འཆར་གྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ། སྤྱི་འཐུས་ཡེ་ཤེས་སྒྲོལ་མ། བཙུན་མའི་ལས་འཆར་གྱི་འགན་འཛིན་སྣང་ས་ཆོས་སྒྲོན། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་བཅས་ཀྱིས་དབུས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་རྣམ་པ་སོགས་ཕེབས་ཡོད་པ་རེད།

དེ་ཡང་མཛད་སྒོའི་ཐོག བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་དང་། དྲུང་ཆེ་ཚེ་རིང་ཆོས་འཛོམས་གཉིས་ཀྱིས་ཉིན་དེའི་གཏམ་བཤད་བོད་དབྱིན་གཉིས་ནང་སྒྲོག་སྦྱང་བྱས་པའི་ནང་དུ་འཛམ་གླིང་གི་དབུ་ཁྲིད་རྣམས་ལ་ཞུ་འབོད་དོན་ཚན་གཉིས་འཁོད་འདུག་པ་ནི། དབུས་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ལམ་སྟོན་གནང་བའི་དབུ་མའི་ལམ་གྱི་ཐབས་ཇུས་གྲོས་མོལ་སླར་གསོ་ཡོང་བར་རྒྱ་ནག་གི་དབུ་ཁྲིད་རྣམས་ལ་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་ཞུ། ཞེས་དང་། ང་ཚོས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་ཀྱི་ཚོགས་ཆུང་ལ་རྒྱ་ནག་གཞུང་གིས་ལོ་ངོ་༢༣ ལྷག་གི་རིང་བཙན་ཁྲིད་བཀག་ཉར་བྱས་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཡོང་བར་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་ཞུ། ཞེས་འཁོད་འདུག་པ་མ་ཟད། བུད་མེད་ལྷན་ཚོགས་ཐོག་མར་སྤྱི་ལོ་༡༩༥༩ ལོའི་སྤྱི་ཟླ་༣ པའི་ཚེས་༡༢ ཉིན་བོད་ནང་ཇི་ལྟར་འགོ་བཙུགས་མིན་དང་། དེ་རྗེས་སྤྱི་ལོ་༡༩༨༤ ལོའི་སྤྱི་ཟླ་༩ པའི་ཚེས་༡༠ ཉིན་བཙན་བྱོལ་ནང་སླར་གསོ་བྱས་ནས་ད་བར་བོད་དོན་འཐབ་རྩོད་དང་སྤྱི་ཚོགས་བདེ་དོན་ལ་སྨན་པའི་བྱ་བ་གང་བསྒྲུབས་པ་བཅས་ཀྱི་ཐོག་ཉུང་བསྡུས་གསུངས་སོང་།

དེ་རྗེས་དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོས་གཏམ་བཤད་གནང་སྐབས་“བོད་ཀྱི་བུད་མེད་ལྷན་ཚོགས་ཟེར་བ་འདིར་ཁོ་རང་ཁོ་རང་ལ་དམིགས་བསལ་གྱི་དོན་དག་གཅིག་དང་། དམིགས་བསལ་སེམས་འགུལ་བྱས་ནས་བཙུགས་བཞག་པ་གཅིག་ཡིན་དུས་དེ་ང་ཚོས་ནམ་ཡང་བརྗེད་རྒྱུ་མི་འདུག”ཅེས་དང་། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་རྩ་དོན་ཐོག་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དང་། ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཡོང་ཐབས། བོད་མིའི་སྲོལ་རྒྱུན་གྱི་ཡ་རབས་བཟང་སྤྱོད་ཉར་ཚགས་བྱེད་རྒྱུ་བཅས་ཀྱི་ཐོག་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གསུང་བཤད་སྐབས་སུ་“བུད་མེད་ལྷན་ཚོགས་ལྟ་བུར་མཚོན་ན་ལོ་༣༤ ཡི་རིང་ལ་སྤྱིར་ཆབ་སྲིད་ཀྱི་གནས་སྟངས་དང་། སྤྱི་ཚོགས་བདེ་དོན་གྱི་གནས་སྟངས། དེ་བཞིན་བུད་མེད་དང་འབྲེལ་བའི་ཐོག་ནས་གདོང་ལེན་གནང་དགོས་པ་ཤེས་ཡོན་དང་འཕྲོད་བསྟེན་སོགས་གང་ཅིའི་ཐད་ནས་སྟོང་ཆ་མ་ལྷག་པར་ཁ་བསྐོང་ཞུ་ཐུབ་ཆེད་དུ་འབད་བརྩོན་རབ་དང་རིམ་པ་གནང་ཡོད་རེད། དེ་ཚོའི་གྲས་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་རེད་བསམ་གྱི་འདུག སྤྱི་ཚོགས་ནང་ལ་ཆབ་སྲིད་ཀྱི་ཐོག་ནས་འོས་བླུགས་ནས་བུད་མེད་ཀྱི་འགོ་ཁྲིད་སླེབས་ཐུབ་དང་མི་ཐུབ་ཀྱི་གནས་སྟངས་དེ་ཙམ་ལ་བརྟེན་ནས་བེུད་ཀྱི་ནུས་པ་དང་ཐོབ་ཐང་ཡོད་མེད་ངོས་འཛིན་བྱེད་རྒྱུ་ཁག་པོ་ཆགས་ཀྱི་ཡོད་རེད་”ཅེས་གསུང་པ་དང་སྦྲགས། ཕ་མའི་བྱམས་བརྩེ་དང་སྦྲེལ་ནས་བུད་མེད་ཀྱི་ནུས་ཤུགས་ཀྱི་སྐོར་དང་། སྤྱི་ཚོགས་དང་ཁྱིམ་ཚང་གང་འདྲ་ཞིག་ཏུའང་བུད་མེད་རྣམས་ལ་འགན་འཁྲི་ཆེ་བ་ཡོད་པ་གསལ་པོ་ཡིན་སྐོར། དེ་བཞིན་བུད་མེད་རྣམས་ཀྱིས་སྤྱིར་བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཐོག་འགན་འཁུར་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་སོ་སོའི་ཁྱིམ་ཚང་ནས་འགོ་བཙུགས་ཏེ་བོད་མི་རིགས་དང་འབྲེལ་བའི་ཆོས་དང་། རིག་གཞུང་། སྐད་ཡིག ཡང་སྒོས་སུ་སྐད་ཡིག་གི་ཐོག་ལ་ཤུགས་སྣོན་བྱེད་ཐུབ་ན། དེའི་ཐོག་ནས་འགྱུར་བ་ཆེན་པོ་ཞིག་གཏོང་རྒྱུའི་ནུས་པ་དེ་ཨ་མ་ལགས་གཅིག་པུར་ཡོད་པ་མཐོང་གི་ཡོད་པ་དང་། འཐབ་རྩོད་ཀྱི་འབྱུང་ཁུངས་དེ་ཆོས་དང་རིག་གཞུང་སྐད་ཡིག་བཅས་ལ་ཐུག་ཡོད་སྐོར་བཅས་གསུངས་སོང་བ་མ་ཟད། བོད་ཀྱི་རྩ་དོན་འཐབ་རྩོད་དང་འབྲེལ་ནས་གསུང་དོན་དུ་“ངས་ནམ་རྒྱུན་ནས་ཞུ་བཞིན་པ་གཅིག་དེ་ཏག་ཏག་བསྡད་ཀྱི་ཡོད་མེད་མི་ཤེས། མི་རིགས་གཅིག་གི་འཐབ་རྩོད་ཟེར་བ་དེའི་འབྱུང་ཁུངས་ག་རེ་རེད་ཟེར་ན། འབྱུང་ཁུངས་དེ་མི་རིགས་དེའི་ཆོས་དང་རིག་གཞུང་སྐད་ཡིག་ཆགས་ཀྱི་ཡོད་རེད། འཐབ་རྩོད་ཀྱི་འབྱུང་ཁུངས་བརླགས་པ་ཡིན་ན་མི་རིགས་བརླགས་པ་དང་གཅིག་པ་འདྲ་པོ་ཞིག་ཆགས་ཀྱི་འདུག དེ་བརླགས་ན་འཐབ་རྩོད་ཟེར་བ་དེ་ཕལ་ཆེར་ཁག་པོ་རེད།”ཅེས་གསུངས་སོང་།

ཡང་ཁོང་གིས་བཙན་བྱོལ་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དང་འབྲེལ་ནས་ “རྒྱ་ནག་གཞུང་གིས་རྩིས་རྒྱག་ཡ་ལ། ཐད་ཀར་ཞུས་ན་རྒྱ་ནག་གཞུང་གིས་ང་ཚོའི་བཙན་བྱོལ་གྱི་སྒྲིག་འཛུགས་འདི་མེད་པ་བཟོ་རྒྱུར་ཐབས་ཤེས་རིམ་པ་འཐེན་གྱི་ཡོད་རེད། དེ་དངོས་སུ་ར་འཕྲོད་པ་དེ་འདྲ་ཡོད་རེད། དེ་ཚོའི་གྲས་ཀྱི་གནས་སྟངས་ཆ་ཚང་བ་དེ་མཚམས་རེར་ང་ཚོས་མ་རྟོགས་ནས་སྐད་ཆ་གོ་བསྡད་པའི་གནས་སྟངས་ཤིག་ཆགས། ཡང་མཚམས་རེར་དེར་ཞིབ་འཇུག་འདྲ་བྱེད་མ་ཐུབ་དུས་སྤྱི་ཚོགས་ནང་ཟིང་འཁྲུག་ཡོང་བའི་གནས་ཚུལ་མང་པོ་ཡོང་གི་འདུག དེ་འདྲ་མ་ཡོང་བར་ཚང་མས་རྫི་གསང་རྣོན་པོའི་ཐོག་ནས་ང་ཚོའི་སྒྲིག་འཛུགས་ཀྱི་ནུས་པ་ཤུགས་ཆེ་རུ་སླེབས་ཐུབ་ཐབས་དང་། མང་གཙོའི་སྒྲིག་འཛུགས་ནང་ལ་འགོ་ཁྲིད་མཁན་ཡིན་ན་ལོ་ལྔ་ནང་ལ་འགྱུར་བ་འགྲོ་བཞག་གི་ཡོད་སྟབས། རིམ་པས་རིམ་པས་སུ་ཡོང་ན་གནས་ཚུལ་ཞིག་ཆགས་ཀྱི་ཡོད་རེད། གང་ལྟར་སྒྲིག་འཛུགས་འདི་ནུས་པ་དང་ལྡན་པ་ཚགས་ཚུད་པོ་ཞིག་ཡོང་བར་བོད་མི་ཞིག་ཡིན་ཕྱིན་ཆད་ཚང་མར་འགན་ཡོད་དུས་དེའི་འགན་བཞེས་ཐུབ་དགོས་པ་རེད། འགན་བཞེས་ཟེར་དུས་རྩོད་རྒྱག་པའི་སྐད་ཆ་གང་མ་རེད། ང་ཚོའི་སྒྲིག་འཛུགས་ཀྱི་གཞི་རིམ་གྱི་འགྲོ་སྟངས་ཤེས་དགོས་རྒྱུ་དང་། སྒྲིག་འཛུགས་ནང་ལོགས་ཀྱི་འགན་འཁུར་མཁན་ཚོས་ཉི་མ་ཉི་མར་ཕྱག་ལས་ག་རེ་གནང་གི་ཡོད་མེད་ཐོག་དོ་སྣང་བྱེད་ཐུབ་དགོས་རྒྱུ། དེའི་རྗེས་ལ་སོ་སོའི་ངོས་ནས་འགན་འཁུར་ཐུབ་པ་ག་རེ་འདུག ཆ་ཤས་བཞེས་ཐུབ་པ་ག་རེ་འདུག་དེ་ཚོའི་གྲས་ལ་སོ་སོས་མཉམ་རུབ་འདྲ་བྱེད་ཐུབ་པ་ཡིན་ན་ཏན་ཏན་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག”ཅེས་གསུངས་སོང་།

མཇུག་ཏུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་གྱིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་རྗེས་མཛད་སྒོ་གྲོལ་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༦༢ ཀློག་གྲངས།