མཁས་དབང་ནམ་མཁའི་ནོར་བུ་ལ་ཨི་ཊ་ལིའི་མི་སེར་གྱི་གཟེངས་རྟགས་ཕུལ།

ཟླ་འདིའི་ཚེས་༡༠ ཉིན་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་ལ་ཨི་ཊ་ལིའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་དེ་ཕུལ་འདུག

དེ་ཡང་གཟེངས་རྟགས་(Commander Order of Merit of the Italian Republic) དེ་ནི་ཡུལ་དེའི་ནང་རྩོམ་རིག་སྒྱུ་རྩལ་དང་དཔལ་འབྱོར། སྲི་ཞུའི་ལས་དོན། དེ་བཞིན་སྤྱི་ཚོགས་བདེ་དོན་དང་། འགྲོ་བ་མི་རིགས་སྤྱིའི་བདེ་དོན་ལ་སྨིན་པའི་ལས་དོན་ཐོག་གཟེངས་སུ་ཐོན་པའི་གྲུབ་འབྲས་སོན་པ་དང་། གཞན་ཡང་དམག་དོན་བཅས་ལས་དོན་དེ་དག་ཐོག་བྱས་རྗེས་ཅན་གྱི་མི་སྣར་ཕུལ་སྲོལ་ཡོད་པ་ལྟར། འདི་ལོའི་གཟེངས་རྟགས་དེ་བོད་མིའི་གཙུག་ལག་སློབ་དཔོན་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་ལ་ཕུལ་འདུག

བོད་མིའི་སྒྲིག་འཛུགས་དྲ་གནས་ཐོག་ཁོང་གི་ལོ་རྒྱུས་སྤེལ་བ་ལྟར་ན། ཆོས་རྒྱལ་ནམ་མཁའི་ནོར་བུ་ནི། ཕྱི་ལོ་༡༩༣༨ ལོར་ཁམས་སྡེ་དགེ་ལྕང་རའི་ཉེ་འགྲམ་དགེ་འུག་ཅེས་པར་འཁྲུངས། དགུང་ལོ་གསུམ་སྟེང་ཞེ་ཆེན་རབ་འབྱམས་སྣང་མཛད་གྲུབ་པའི་རྡོ་རྗེས་ཨ་འཛོམ་འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བརྒྱད་ཀྱི་ཐོག་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང་རྒྱལ་དབང་ཀརྨ་པ་ཟུང་ནས་འབྲུག་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཐུགས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་། ཆུང་དུས་སྡེ་དགེ་དགོན་ཆེན་དུ་བཞུགས་ཤིང་། ཆོས་བརྒྱུད་ཀྱི་ཁོངས་སྤྱིར་ས་སྐྱར་གཏོགས། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་ལས་རིས་མེད་ཀྱི་གདམས་པ་མང་པོ་གསན། ཕྱི་ལོ་ ༡༩༥༤ ལོར་ལྷོ་ནུབ་མི་རིགས་སློབ་གླིང་གི་བོད་ཡིག་སྡེ་ཁག་གི་དགེ་རྒན་མཛད་ཅིང་སྐབས་དེར་འབོ་གངས་དཀར་རིན་པོ་ཆེ་དང་མཇལ་ཏེ་ཕྱག་རྒྱ་ཆེན་པོའི་གདམ་སྐོར་མང་པོ་ཞུས་པར་མ་ཟད། འབྱུང་འགྱུར་མཛད་འཕྲིན་སྐོར་གྱི་ལུང་བསྟན་ཀྱང་ཐོབ། དེ་ནས་ཕྱིར་ཕ་ཡུལ་དུ་ཕེབས་སྐབས་ཨ་འཛམ་འབྲུག་རྒན་དང་ཉག་བླ་པདྨ་བདུད་འདུལ་གྱི་དངོས་སློབ་ཉག་བླ་བྱང་ཆུབ་རྡོ་རྗེར་མཇལ་ཞིང་དེ་ཉིད་རྩ་བའི་བླ་མ་མཆོག་ཏུ་མཛད། ཉག་བླ་བྱང་ཆུབ་རྡོ་རྗེ་ནི་རྫོགས་པ་ཆེན་པོའི་ལྟ་བ་མངོན་སུམ་ཡིད་དཔྱོད་དང་བྲལ་བར་ངོ་སྤྲོད་མཁན་དེ་ཡིན་གསུང་། ཉག་བླའི་སྒར་དུ་མུ་མཐུད་བླ་མའི་སྨན་གཡོག་མཛད་ཞོར་རྫོགས་ཆེན་སེམས་ཀློང་མན་ངག་གསུམ་གྱི་གདམ་པ་ཆ་ཚང་ཞུས།

ཕྱི་ལོ་༡༩༥༧ ལོར་འབྲས་ལྗོངས་སུ་ཕེབས་ནས་དེ་གར་བོད་ཡིག་སློབ་དེབ་གསར་དུ་བསྒྲིགས། ཕྱི་ལོ་༡༩༦༠ ལོར་ཨི་ཊ་ལིར་བོད་རིག་པའི་འབུམ་རམས་པའི་ཕྱག་འཁྱེར་བཞེས་གནང་མཛད། ཕྱི་ལོ་༡༩༦༤ ནས་༡༩༩༢ བར་ཨི་ཊ་ལིའི་ན་པུ་ལེ་སི་ཤར་ཕྱོགས་སློབ་གྲྭ་ཆེན་མོའི་བོད་སོག་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་དགེ་རྒན་ཆེན་མོའི་འགན་བཞེས། ཕྱི་ལོ་༡༩༨༡ ལོར་ན་པུ་ལེ་སི་རུ་རྫོགས་པ་ཆེན་པོའི་ ༼རིག་གནས་མཐུན་ཚོགས། ༽ཞེས་པ་གསར་འཛུགས་བྱས། ཕྱི་ལོ་ ༡༩༨༨ ལོར་ཤར་ཕྱོགས་རིག་གནས་སྐོར་ལ་ཆེད་དམིགས་ཀྱིས་༼ཞང་ཞུང་དཔེ་སྐྲུན་ཁང་། ༽ཞེས་པ་ཞིག་གསར་ཏུ་བཙུགས། ཕྱི་ལོ་༡༩༨༩ ལོར་ ༼ཞང་ཞུང་ཞིབ་འཇུག་ཁང་། ༽ཞིག་གསར་འཛུགས་གནང་།

ཁོང་ལས་གནས་ནས་རྒན་ཡོལ་དུ་ཕེབས་ནས་ད་བར་གཙོ་བོར་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར་པ་དང་། བོད་རིག་པའི་ལས་དོན་གཉིས་ལ་ཕྱག་ལས་གནང་བ་གཉིས་རྩལ་འདོན་མཛད། ཨི་ཊ་ལི་དང་མེ་གླིང་བྱང་མ། ཨ་རི། ཡོ་རོབ། ཨུ་རོ་སོ་བཅས་སུ་མེ་རིའི་ཕོ་བྲང་དང་ཀུན་བཟང་ཕོ་བྲང་སོགས་རྫོགས་པ་ཆེན་པོའི་ཆོས་ཀྱི་མཐུན་ཚོགས་ཆེན་པོ་དྲུག་དང་། ཚོགས་མི་ཤིན་ཏུ་མང་པོ་བཞུགས།

ཕྱི་ལོ་༡༩༩༦ ལོར་ཁོང་གི་ཆེད་རྩོམ་སྐད་གྲགས་ཆེ་ཤོས་༼ཞང་བོད་ལོ་རྒྱུས་ཏི་སེའི་འོད།༽ཞེས་པ་དེ་པར་སྐྲུན་གནང་། ད་དུང་ཁོང་གི་བརྩམ་ཆོས་ལ། བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་མུ་ཏིག་ཕྲེང་བ། བོད་རིགས་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་ཕྲེང་བ། ཞང་བོད་གནའ་རབ་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་། རྩ་རླུང་འཕྲུལ་འཁོར་ཉི་ཟླ་ཁ་སྦྱོར། བྱང་འབྲོག་ལམ་ཡིག སྐུ་ཉིད་ཀྱི་ཉམས་མྱོང་ལ་བྱུང་བའི་དོལ་རྒྱལ་གྱིས་བོད་བསྟན་པ་ཆབ་སྲིད་ལ་གནོད་ཚབ་ཇི་ཙམ་ཡོད་པ་བརྗོད་པ། རྫོགས་པ་ཆེན་པོ་དང་ཏིང་ངེ་འཛིན་སོགས་ཡོད།

ཁོང་གིས་བོད་ཀྱི་རིག་གནས་འདི་འཛམ་གླིང་ཡོངས་ཁྱབ་རང་བཞིན་ཅན་དུ་གོམ་པ་སྤོ་བའི་ཕྱོགས་ལ་དམིགས་བསལ་གྱི་ནུས་པ་ཐོན་ཡོད་པ་དཔེར་ན། ཁོང་གི་སློབ་མའི་ཁྱབ་ཁོངས་ཨ་མེ་རི་ཁ་དང་། ཧྥ་རན་སི་སོགས་རྒྱལ་ཁབ་༤༠ ལྷག་བརྒལ་ཡོད་པ་དང་། སློབ་མའི་གྲངས་ཚད་ཀྱང་འབུམ་ཕྲག་གཅིག་ལྷག་ཏུ་སོང་འདུག

ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལ་སོགས་པའི་བརྩམ་ཆོས་དག་འཇར་མན་དང་། ཨུ་རུ་སུ་སོགས་འཛམ་གླིང་གི་ཡིག་རིགས་མི་འདྲ་བ་བཅུ་ལྷག་ལ་བསྒྱུར། ཨ་ཤེ་ཡའི་རྒྱལ་སྤྱིའི་མཐུན་འགྱུར་ཚོགས་པ་གསར་ཏུ་བཙུགས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༣༡༣ ཀློག་གྲངས།