ཐུགས་རེ་དང་ཐག་གཅོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༡༦  ཕྱི་ལོ་ ༢༠༡༨/༩ /༡༢

ཉེ་ཆར་ཕྱི་ཟླ་༩ ཚེས་༦ ཉིན་མཇལ་ཁ་ཞུ་མཁན་ཁག་ཅིག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་པར་བོད་དུ་ཕེབས་རྒྱུའི་སྐོར་ལ་བཀའ་སློབ་ཕེབས་པའི་བརྙན་ཐུང་ཞིག་དྲ་ལམ་ཁག་ཏུ་འགྲོ་བཞིན་འདུག་པ་དང་། དེར་དགའ་སྣང་དང་རེ་བ་རྒྱག་མཁན་ཧ་ཅང་མང་པོ་ཞིག་ཡོང་གི་འདུག བརྙན་ཐུང་དེའི་ནང་ཕེབས་པའི་བཀའ་སློབ་ཏུ་“ལོ་གཅིག་གཉིས་ནང་ལ་ད་འབྲེལ་བ་འདྲ་ཞིག་ཕལ་ཆེར་ཡོང་ས་རེད། དེའི་རྗེས་ནས་རིམ་པ་དང་པོ་རྒྱ་ནག་ལ་གནས་སྐོར་གཅིག་འགྲོ་ཐུབ་ན་བསམ་པ་ཞིག་བྱུང་། དེ་ནས་རིམ་པས་རིམ་པས་སྔོན་ལ་ང་རང་གི་སྐྱེས་ས་དེ་སྐུ་འབུམ་རེད། ཟི་ལིང་རེད། དེ་གར་གཅིག་ཕྱིན། དེ་ནས་བོད་ཀྱི་ས་ཁུལ། ག་ལེ་ག་ལེར་ལྷ་སར་འགྲོ་ཐུབ་པ་ཞིག་ཕལ་ཆེར་དེ་ཡོང་གི་རེད།”ཅེས་ཕེབས་འདུག མ་འོངས་པའི་ལོ་ཤས་ནང་རྒྱ་ནག་གཞུང་དང་འབྲེལ་ལམ་གྱི་ཐོག་ནས་འགྱུར་བ་དེ་ལྟ་བུ་ཞིག་ཡོང་གི་ཡོད་ན། ༧གོང་ས་མཆོག་གིས་ཐུགས་རེ་གནང་བ་བཞིན་རྒྱ་གཞུང་གིས་འགྱུར་བ་གཏོང་དགོས་ངེས་ཤིག་ཡིན་པ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་པོ་ཞིག་གི་སེམས་ལ་དགའ་ཚོར་ཆེན་པོ་ཞིག་སྐྱེ་ངེས་རེད།

༧གོང་ས་མཆོག་དགུང་གྲངས་༨༥ ཐོག་ཕྱིར་ལ་ལོག་ཡོང་གི་རེད་ཅེས་སོགས་མའོ་ཙེ་ཏུང་གིས་གསུངས་ཡོད་པ་རེད་ཟེར་བ་དང་། དེ་ཡང་ལུང་བསྟན་རེད་ཟེར་བ་སོགས་ཀྱང་། བོད་པའི་སྤྱི་ཚོགས་ཀྱི་འཕྲིན་ལམ་ཁག་ཏུ་མང་པོ་ཞིག་འགྲོ་བཞིན་འདུག ད་དུང་ཉེ་ལམ་ཞི་ཅིན་ཕིན་གྱི་ཨ་མས་ཅིག་བཤད་པ་རེད་ཟེར་བ་སོགས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་བཤད་བཞིན་པ་དེ་དག་ནི་ཅུང་ཡ་མཚན་སྐྱེ་དགོས་པའི་གནད་དོན་ཞིག་ཏུ་མཐོང་ཞིང་། བོད་རེ་བས་ཕོང་། རྒྱ་དོགས་པས་ཕོང་ཟེར་བ་དེ་སྔོན་ནས་ཡོད་པའི་སྡོམ་ཚིག་ཅིག་རེད་དེ། ད་ལྟའི་ཆར་ཡང་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཆ་ནས་གནས་སྟངས་དེ་སོར་གནས་ཡིན་པ་ལྟ་བུ་རེད་འདུག གནད་དོན་འདིའི་ཐོག་ནས་བོད་པ་མང་པོ་ཞིག་གིས་བོད་ཀྱི་རྩ་དོན་འཐབ་རྩོད་དེ་རང་བཞིན་དང་འབད་མེད་ལྷུན་འགྲུབ་ཀྱིས་ཐག་གཅོད་ཡོང་བ་ཞིག་ཏུ་རེ་བ་རྒྱག་གི་ཡོད་པ་དང་། སྐབས་རེ་མའོ་ཙེ་ཏུང་ཡང་རྗེ་བཙུན་འཇམ་པའི་དབྱངས་སུ་མཐོང་སོང་ཞེས་བོད་ཀྱི་མཁས་པ་སྐད་གྲགས་ཅན་དེ་འདྲས་བཤད་མྱོང་ལ། ད་ལྟའང་མངོན་ཤེས་ཅན་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡང་ཡོད་ཚོད་འདུག

མའོ་ཙེ་ཏུང་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་ཡིན་མིན་དང་། མངོན་ཤེས་ཅན་ཡིན་མིན་སོགས་ཐག་བཅད་ནས་བཤད་དགོས་པ་དང་བཤད་ཤེས་པ་ཞིག་མིན་ནའང་། བོད་པའི་ངོས་ནས་དེ་ལྟ་བུ་ཞིག་དང་ལེན་བྱེད་ཐུབ་པའི་བསམ་ཚུལ་དེ་ལ་དངོས་གནས་ཧང་སང་དགོས་པ་ཞིག་རེད། ཉེ་ཆར་༧གོང་ས་མཆོག་གིས་མི་ཉུང་ཤས་ཤིག་ལ་གནང་བའི་བཀའ་སློབ་དེའི་མགོ་མཇུག་བར་གསུམ་ཆ་ཚང་མཇལ་རྒྱུ་མི་འདུག་པས། རྒྱབ་ལྗོངས་ངོ་མ་ག་རེ་ཐོག་ནས་གསུངས་ཡོད་མེད་མི་ཤེས་ཀྱང་། གནད་དོན་འདི་རིགས་ཕྱི་ལ་གང་བྱུང་དུ་བཀྲམ་དགོས་པ་ཞིག་ཡིན་མིན་ཡང་ཕྱོགས་ངོས་རེ་ཟུང་ནས་བསམ་བློ་གཏོང་དགོས་པ་ཞིག་རེད་སྙམ། ༧གོང་ས་མཆོག་གིས་གསུང་དུམ་བུ་དེའི་ནང་དུ་“ཕལ་ཆེར་ཡོང་ས་རེད།” “འགྲོ་ཐུབ་ན་བསམ་པ་ཞིག་བྱུང་།” “ལྷ་སར་འགྲོ་ཐུབ་པ་ཞིག་ཕལ་ཆེར་དེ་ཡོང་གི་རེད།”ཅེས་གསུངས་འདུག་པས། བཀའ་སློབ་དེའི་ངོ་གདོང་ལ་བལྟས་ན་གནས་སྟངས་ཁག་ཅིག་ལ་བརྟེན་ནས་༧གོང་ས་མཆོག་གིས་ཐུགས་རེ་དེ་ལྟར་གནང་གི་ཡོད་པ་ལྟ་བུ་ལས། ཐག་བཅད་ནས་དེ་ལྟར་ཡིན་པ་ཞིག་གསུང་གི་མེད་པ་ལྟ་བུ་མཇལ་རྒྱུ་མི་འདུག་གམ།

འོན་ཀྱང་བསམ་བློ་གཏོང་དགོས་པ་ཞིག་ལ་སྐབས་དེར་མཇལ་བཅར་བ་རྣམས་ཀྱིས་པར་ཆས་ཁུར་མེད་པ་གསལ་པོ་ཡིན་པས། དགའ་ལྡན་ཕོ་བྲང་ངམ་དེའི་འབྲེལ་ཡོད་ཅིག་གིས་བཀྲམ་པ་ཞིག་ཡིན་གྱི་རེད། བོད་རྒྱའི་དབར་སྤྱི་ཡོངས་ནས་ཤེས་རྟོགས་མི་ཐུབ་པའི་འབྲེལ་ལམ་མང་པོ་ཡོད་སྲིད་པ་དང་། རྒྱུ་མཚན་དེ་ལ་བསམ་བློ་བཏང་ན་ཐུགས་རེ་ཙམ་མ་ཡིན་པར་ཐག་གཅོད་རང་བཞིན་གྱི་ཐོག་ནས་གཞིས་བྱེས་རྒྱ་ཆེའི་མི་མང་ལ་བརྡ་བཏང་བ་ཞིག་ཀྱང་ཡིན་མི་སྲིད་པ་མ་རེད། དེ་ཡིན་ན་བོད་རིགས་མི་མང་གི་ངོས་ནས་རེ་བ་བརྒྱབ་པ་དེ་གཏན་ནས་ནོར་མེད། འདི་དག་ནི་ད་ལན་གྱི་གསུང་དུམ་དེའི་གལ་གནད་ཆེ་ཤོས་ཁག་རེད། མ་འོངས་པའི་ལོ་གཅིག་གཉིས་ནང་འབྲེལ་བ་དང་འགྱུར་བ་ག་རེ་འགྲོ་མིན་ང་ཚོའི་མིག་མདུན་དུ་ཡོང་ངེས་ཡིན་པས་སྔོན་དཔག་མང་པོ་ཞིག་བྱས་ན་ཐིག་དང་མི་ཐིག་སྣ་ཚོགས་ཡིན་ནའང་། གྲ་སྒྲིག་དང་འཆར་གཞི་ནི་དགོས་ངེས་ཉག་གཅིག་ཏུ་གྱུར་ཡོད་པས། མ་འོངས་པར་ཚུལ་བཞིན་ལག་བསྟར་བྱེད་ཐུབ་ན་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་གཞི་འདི་ཉིད་གལ་གནད་ཆེན་པོ་ཞིག་ཡིན་པ་དེ་ཧ་ཅང་གསལ་པོ་རེད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་དང་བོད་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་རེ་གནང་བ་བཞིན་གོ་སྐབས་བྱུང་ན། གནས་སྐོར་དང་གཟིགས་སྐོར་དུ་ཁྱུག་ཙམ་ཕེབས་རྒྱུ་ཡིན་མིན་དང་། ཡང་ན་བོད་ལ་གཏན་འཇགས་སུ་ཕེབས་རྒྱུ་ཡིན་མིན་སོགས་ནི་ཆབ་སྲིད་ཀྱི་ཐོག་ནས་ཧ་ཅང་གལ་གནད་ཆེན་པོ་འབའ་ཞིག་ཏུ་གྱུར་ཡོད་ཀྱང་། དེ་དག་གི་སྐོར་ཞིབ་ཕྲ་འདིར་མི་གླེང་བར་མདོར་བསྡུས་ན་གལ་སྲིད་ཕེབས་རྒྱུའི་གོ་སྐབས་བྱུང་བ་ཡིན་ན་གཏན་འཇགས་སུ་བཞུགས་ཐུབ་པ་ཞིག་ཡོང་དགོས་པ་ལས། ཁྱུག་ཙམ་ཕེབས་ཐུབ་ཀྱང་རྒྱལ་སྤྱིའི་འགྲོ་སྟངས་ལྟར་ཆབ་སྲིད་ཀྱི་ཐོག་ནས་བཙན་བྱོལ་བོད་མི་རྣམས་སྐྱབས་བཅོལ་དང་བཙན་བྱོལ་བའི་ངོ་བོ་མུ་མཐུད་གནས་ཐུབ་མིན་དང་། བོད་ནང་དུ་ཡོད་པའི་རྒྱ་ཆེའི་བོད་རིགས་རྣམས་ཀྱི་བསམ་བློའི་འཁོར་ཕྱོགས་ལ་འགྱུར་བ་ག་རེ་འགྲོ་སྲིད་མིན་སོགས་ཀྱི་ཐོག་ནས། དོན་དུ་ཁེ་ཕན་ཆེ་ཤོས་དེ་བོད་ལ་རག་གི་རེད་དམ། ཡང་ན་རྒྱ་ནག་ལ་རག་གི་ཡོད་མེད་ཀྱང་སྣ་ཚོགས་ཤིག་ཡོང་ངེས་རེད། དེར་བརྟེན་ཐུགས་རེ་ཡིན་དང་ཐག་གཅོད་ཡིན་མིན་དེར་བསམ་བློ་གཏོང་དགོས་པ་གལ་གནད་ཆེ་ཤོས་སུ་གྱུར་ཡོད་པ་རེད་སྙམ།།

Share this:
༤༤ ཀློག་གྲངས།