བལ་ཡུལ་གྱིས་རྒྱ་གར་ལ་རྐུབ་བསྟན་ནས་རྒྱ་ནག་གི་པང་དུ་བསྡད་འདུག

རྒྱ་གར་ལ་སེམས་འཚབ་སྐྱེ་འོས་པ་ཞིག་ལ། ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་གྱིས་རྒྱ་གར་གྱིས་གོ་སྒྲིག་བྱས་པའི་དམག་སྦྱོང་ལ་མཉམ་ཞུགས་མ་བྱས་པར། རྒྱ་ནག་དང་མཉམ་དུ་དམག་སྦྱོང་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག

ཟླ་༩ པའི་ཚེས་༡༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༩ པའི་ཚེས་༡༠ ནས་༡༦ བར་རྒྱ་གར་ལྷོ་ཕྱོགས་པུ་ནི་གྲོང་ཁྱེར་དུ་ཐེངས་དང་པོར་རྒྱ་གར་གྱི་གོ་སྒྲིག་འོག རྒྱ་གར་དང་བྷང་ལ་ཌེ་ཤི། འབར་མ། སིང་གྷ་ལ། འབྲུག་བཅས་ཀྱི་དམག་མི་བར་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་གྱི་དམག་སྦྱོང་འགོ་འཛུགས་བྱས་ཡོད་ཀྱང་། རྒྱ་གར་ལ་སེམས་འཚབ་སྐྱེ་འོས་པ་ཞིག་ལ། བལ་ཡུལ་གྱི་དམག་མི་ཐོག་མར་དམག་སྦྱོང་དེའི་ཆེད་རྒྱ་གར་དུ་འབྱོར་ཟིན་ཡང་། རྗེས་སུ་ཕྱིར་འཐེན་བྱས་འདུག དེའི་རྗེས་སུ་བལ་ཡུལ་གྱིས་རྒྱ་ནག་དང་མཉམ་དུ་ཟླ་༩ པའི་ཚེས་༡༧ ནས་༢༨ ཉིན་ཁྲེན་ཏུ་ལ་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་གྱི་དམག་སྦྱོང་ཐེངས་གཉིས་པ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག དམག་སྦྱོང་དེ་རིགས་ཐེངས་དང་པོ་དེ་ལོ་སྔོན་མའི་ཟླ་༤ པའི་ནང་བྱས་ཡོད་འདུག

བལ་ཡུལ་གྱིས་རྒྱ་གར་ལ་རྒྱབ་གཏད་ཀྱི་བྱེད་ལས་དེའི་ཐོག་ཏུ། སླར་ཡང་ཟླ་༩ པའི་ཚེས་༡༦ ཉིན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་བདུན་གྱི་དམག་སྤྱིའི་ཚོགས་ཆེན་ཐོག བལ་ཡུལ་གྱི་དམག་སྤྱི་ལས་དོན་གཞན་ཞིག་གི་ཆེད་ཡོང་ཐབས་བྲལ་བ་ཡིན་པའི་བརྡ་ལན་སྤྲད་ཡོད་འདུག

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཀན་ཝལ་སཱི་བྷལ་གྱིས། བལ་ཡུལ་གྱི་བསམ་ཤེས་མེད་པའི་བྱེད་སྟངས་དེས་རྒྱ་གར་གྱི་བལ་ཡུལ་ལ་ཡོད་པའི་སེམས་ཁུར་ཆུང་ཏུ་འགྲོ་རྒྱུ་ཡིན་པ་དང་། མཇུག་འབྲས་དེ་མ་འོངས་པར་བལ་ཡུལ་ལ་དཀའ་ངལ་འཕྲད་དུས་ཧ་གོ་རྒྱུ་ཡིན་པ། བལ་ཡུལ་གྱིས་རྒྱ་གར་དང་འབྲེལ་ལམ་ཡར་རྒྱས་གཏོང་དགོས་པ་ལས། དོགས་པ་བཟོ་མི་རུང་སྐོར་བརྒྱུད་ལམ་ཁག་ཏུ་བརྗོད་འདུག

དེ་སྔོན་ཡིན་ན་བལ་ཡུལ་གྱི་ཚོང་འབྲེལ་ཐད་རྒྱ་གར་ལ་ཤུགས་ཆེན་པོ་བརྟེན་གྱི་ཡོད་ཀྱང་། ཉེ་ཆར་རྒྱ་ནག་གིས་བལ་ཡུལ་ལ་གྲུ་གཟིངས་འབབ་ཚུགས་༤ ཚོང་ལམ་བཀོལ་སྤྱོད་བྱེད་འཇུག་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག

རྒྱ་གར་དང་རྒྱ་ནག་བར་བལ་ཡུལ་གཙོས་པའི་ལྷོ་ཤར་ཨི་ཤེ་ཡའི་རྒྱལ་ཁབ་ཁག་ནང་། དབང་ཤུགས་རྒྱ་སྐྱེད་ཀྱི་འགྲན་སྡུར་ཆེན་པོ་འགྲོ་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༥༧ ཀློག་གྲངས།