ཨ་རིས་རྒྱ་ནག་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་འཆར།

རྒྱ་ནག་གཞུང་གིས་ཡུ་གུར་བ་སྟོང་ཚོ་མང་པོ་བཀག་སྐྱིལ་བྱས་ཡོད་པ་དེའི་ཁ་གཏད་དུ། ཨ་རིའི་སྲིད་འཛིན་ཊོམ་སྲིད་གཞུང་གིས་རྒྱ་ནག་ལ་དཔལ་འབྱོར་གྱི་ཐོག་ནས་ཉེས་ཆད་གཅོད་འཆར་ཡོད་པའི་གནས་ཚུལ་འདུག་ཅིང་། ཉེས་ཆད་འདི་དངོས་སུ་བཅད་ཚེ་ཊོམ་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཐོག་ནས་དཔལ་འབྱོར་གྱི་ཉེས་ཆད་གཅོད་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༢ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཤིན་ཅང་ས་གནས་ཀྱི་ཡུ་གུར་གྲངས་ཉུང་མི་རིགས་གཙོས་པའི་ཁ་ཆེ་སྟོང་ཚོ་མང་པོ་བཀག་སྐྱིལ་ཁང་དུ་དམ་དྲག་འོག་བཞག་སྟེ་དེ་དག་ལ་སློབ་གསོ་བཅོས་སྒྱུར་ཟེར་བའི་ལས་འགུལ་ཐོག ཚུལ་མིན་གྱི་བྱ་སྤྱོད་སྤེལ་ཏེ་འགྲོ་བ་མིའི་ཐོབ་ཐང་རྣམས་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་སྟབས། དེའི་ཐོག་ཨ་རིའི་སྲིད་འཛིན་ཊོམ་སྲིད་གཞུང་གིས་ཟླ་ཤས་རིང་གྲོས་བསྡུར་བྱས་རྗེས་རྒྱ་ནག་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུར་བསམ་བློ་གཏོང་བཞིན་ཡོད་པ་རེད་འདུག

ཨ་རིའི་ནིའུ་ཡོག་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་ཉེས་ཆད་དུ་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁག་དང་། ཚོང་ལས་ཁང་ཁག་ཅིག་ལ་ཊོམ་སྲིད་གཞུང་གིས་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུ་ཡིན་འདུག ཅེས་འཁོད་འདུག་པ་དང་། རྒྱ་ནག་གི་སློབ་གསོ་བཅོས་སྒྱུར་ཁང་ཟེར་བའི་ནང་ཚུད་མཁན་གྱི་ཡུ་གུར་བ་རྣམས་ལ་ཊོམ་སྲིད་གཞུང་གིས་སེམས་འཚབ་བྱེད་བཞིན་ཡོད་འདུག་ཅིང་། སློབ་གསོ་བཅོས་སྒྱུར་ཁང་དུ་ཡོད་པའི་ཡུ་གུར་བ་རྣམས་ལ་རྡུང་བརྡེག་གཏོང་བ་དང་། ལོག་སྤྱོད་བྱེད་པ། ཐ་ན་ཁོང་ཚོའི་ཚེ་སྲོག་ཤོར་བ་བཅས་ཀྱང་འཆར་ཅན་ཞིག་ཡིན་པའི་གནས་ཚུལ་ཡོད་འདུག་པ་མ་ཟད། བཀག་སྡོམ་འོག་ཡོད་པའི་མི་ཕལ་མོ་ཆེ་དེ་སྔོན་ནག་ཉེས་བསགས་མྱོང་མེད་མཁན་རྐྱང་པ་ཡིན་འདུག གཞན་ཡང་། ཡུ་གུར་གྲངས་ཉུང་མི་རིགས་གཙོས་པའི་ཤིན་ཅང་ནང་གི་ཁ་ཆེ་བ་ཚོས་རྒྱ་རིང་པོ་འཇོག་པ་དང་། ཁ་ཆེའི་ལུགས་སྲོལ་གྱི་ཐོག་ནས་འཚམས་འདྲི་ཞུ་བ་བཅས་ཀྱི་གནས་ཚུལ་བྱུང་ན་ཡང་འཛིན་བཟུང་དང་བཀག་ཉར་བྱེད་བཞིན་ཡོད་པའི་གནས་ཚུལ་ཡོད་པ་རེད་འདུག

རྒྱ་ནག་ནང་ཕྱི་ལོ་༢༠༠༩ དང་། ༢༠༡༣ ལོ་གཉིས་སུ་དྲག་རྒོལ་བྱུང་རྗེས་སུ་རྒྱ་ནག་གཞུང་གིས་ཡུ་གུར་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱས་ཡོད་འདུག་པ་དང་། འདས་པའི་ལོ་ངོ་ཁ་ཤས་ཀྱི་ནང་དུ་ཁ་ཆེ་ཡུ་གུར་བ་རྣམས་ལ་ཧ་ཅང་གིས་དམ་དྲག་ཤུགས་ཆེ་རུ་སོང་ནས་ཡུ་གུར་གྲངས་ཉུང་མི་རིགས་མང་ཤོས་གནས་སྡོད་བྱེད་ཡུལ་དེ་འཛམ་བུ་གླིང་ནས་ཉེན་རྟོག་པ་མང་ཤོས་ཀྱི་ས་ཚིགས་སུ་གྱུར་ཡོད་པ་རེད་འདུག

སྤྱིར་ཌོ་ནལ་ཊོམ་ཨ་རིའི་སྲིད་འཛིན་དུ་སླེབས་ནས་བཟུང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་འབྲེལ་བའི་ཐོག་ནས་རྒྱལ་ཁབ་སུ་གཅིག་ལ་གནོན་ཤུགས་སྤྲད་མེད་འདུག་ཀྱང་། ད་ཐེངས་ཁ་ཆེ་ཡུ་གུར་གྲངས་ཉུང་མི་རིགས་དང་འབྲེལ་བའི་གནད་དོན་གྱི་ཐོག་ནས་རྒྱ་ནག་ལ་དཔལ་འབྱོར་གྱི་གནོན་ཤུགས་དངོས་སུ་སྤྲད་ཚེ། འདི་ནི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཐོག་ནས་ཊོམ་སྲིད་གཞུང་གིས་ཁྲིམས་ཆད་གཅོད་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་འདུག

ད་ལྟའི་ཆར་ཨ་རྒྱ་གཉིས་བར་ཚོང་དམག་བྱུང་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཉམས་ཉེས་སུ་གྱུར་བཞིན་པའི་སྒང་ཡིན་སྟབས། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་གཅོད་འདི་ནི་དེའི་ཐོག་འགལ་ཟླ་འཕར་མ་ཞིག་ཏུ་འགྱུར་རྒྱུ་ཡིན་འདུག་པ་དང་། ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་མང་པོའི་སྒོ་ཁྲལ་རྒྱག་རྒྱུའི་འཇིགས་སྐུལ་བྱེད་མུས་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༣༧༩ ཀློག་གྲངས།