འཇར་མན་ཡེ་ཤུའི་ཆོས་དཔོན་ཚོས་ཕྲུ་གུ་༣༦༠༠ ལས་མང་བར་བཙན་དབང་འཁྲིག་སྤྱོད་བྱས་འདུག

དེང་གི་ཆར་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ནང་། ཡེ་ཤུ་ཁེ་ཐོ་ལེག་ཆོས་དཔོན་ཚོས་ཕྲུ་གུ་གྲངས་ལས་འདས་པར་བཙན་དབང་འཁྲིག་སྤྱོད་བྱས་པའི་སྙན་ཐོ་ཐོན་བཞིན་པ་དང་བསྟུན། འཇར་མན་ནང་དུ་སྙན་ཐོ་ཞིག་གི་ནང་ཕྲུ་གུ་༣༦༠༠ ལས་མང་བར་བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་ཕོག་ཡོད་སྐོར་འདུག

ཟླ་༩ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འཇར་མན་ཁེ་ཐོ་ལེག་(Catholic) གི་མཁན་པོའི་ལྷན་ཚོགས་ཀྱིས་ཕྱི་ལོ་༡༩༤༦ ནས་༢༠༡༤ བར་འཇར་མན་ནང་། ཡེ་ཤུའི་ལྷ་ཁང་ཁག་གི་ཆོས་དཔོན་སོགས་ཆོས་བྱེད་མི་སྣ་ཚོས་ཕྲུ་གུ་ལ་བཙན་དབང་འཁྲིག་སྤྱོད་བྱས་པའི་གནད་དོན་ཁྱབ་ཆེ་ཆུང་གི་ཞིབ་འཇུག་ཅིག་ལ་མཐུན་སྦྱོར་བྱས་ཏེ། རྒྱལ་ཁབ་དེའི་གཙུག་ལག་སློབ་གཉེར་ཁང་གསུམ་གྱིས་ཞིབ་འཇུག་བྱས་ཏེ་གྲུབ་དོན་སྙན་ཐོ་དེ་ཟླ་༩ པའི་ཚེས་༢༥ ཉིན་ཕྱིར་བསྒྲགས་བྱ་རྩིས་ཡོད་འདུག་ཀྱང་། གྲུབ་དོན་སྙན་ཐོ་དེ་བརྒྱུད་ལམ་ཁག་ཏུ་ལག་སོན་བྱུང་ནས་གནས་ཚུལ་བཏོན་ཡོད་འདུག

སྙན་ཐོ་ལ་གཞིགས་ན། འཇར་མན་གྱི་ཆོས་གཞིས་༢༧ ལས་ཐོབ་པའི་ཡིག་ཆ་༣༨༠༠༠ ལ་ཞིབ་འཇུག་བྱས་པ་བརྒྱུད། ཕྱི་ལོ་༡༩༤༦ ནས་༢༠༡༤ བར་ཆོས་དཔོན་དང་ཆོས་བྱེད་མི་སྣ་༡༦༧༠ ལྷག་གིས་ཕྲུ་གུ་ལོ་ཆུང་༣༦༧༧ ལ་བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་བྱས་ཡོད་འདུག་པ་དང་།  དེ་བཞིན་ཡིག་ཆ་མང་པོ་ཞིག་མེད་པ་བཟོས་ཡོད་ཁར། མང་པོ་ཞིག་བཅོས་བསྒྱུར་བྱས་ཡོད་པས། བཙན་དབང་འཁྲིག་སྤྱོད་ཀྱི་གྲངས་འབོར་ལག་སོན་བྱུང་བ་ལས་མང་བ་ཡིན་སྲིད་སྐོར་བརྗོད་འདུག

དེ་བཞིན་གནོད་འཚེ་གཏོང་མཁན་བརྒྱ་༣༨ མ་གཏོགས་ཁྲིམས་ཐོག་ལ་བསྐྱལ་ཐུབ་མེད་ཁར། མང་པོ་ཞིག་ལ་ཉེས་ཆད་ཆུང་ཆུང་ལས་ཐོབ་མི་འདུག དེ་བཞིན་ལག་སོན་བྱུང་བའི་གནད་དོན་དེ་དག་ཁྲོད། གནད་དོན་༦ རེ་ལས་༡ རེ་བཙན་གཡེམ་གྱི་གནད་དོན་ཡིན་འདུག་པ་དང་། གནོད་འཚེ་འཕོག་ཡུལ་མང་ཆེ་བ་ཕྲུ་གུ་བུ་ལོ་༡༣ དང་དེ་ལས་ཆུང་བ་ཡིན་འདུག  གནོད་འཚེ་གཏོང་མཁན་ཆོས་བྱེད་མི་སྣ་དེ་དག་ཆོས་ཚོགས་ཀྱིས་ས་གནས་གཞན་ལ་གནས་སྤོ་བྱས་མ་ཟད། ས་གནས་དེ་གར་ཆོས་བྱེད་མི་སྣ་དེ་དག་གི་སྤྱོད་པའི་ཐད་ཉེན་བརྡ་ཡང་བཏང་མྱོང་མེད་པ་རེད་འདུག

སྙན་ཐོ་དེ་མཐུན་སྦྱོར་བྱེད་མཁན་འཇར་མན་ཡེ་ཤུ་ཁེ་ཐོ་ལེག་མཁན་པོ་ལྷན་ཚོགས་ཀྱི་མགྲིན་ཚབ་པས། གྲུབ་དོན་སྙན་ཐོ་དེ་ལས་ཁོང་ཚོས་ངོ་ཚ་བ་དང་སེམས་སྡུག་བྱུང་བ་དང་། སྙན་ཐོ་དེའི་དགོས་དམིགས་ནི་གནོད་འཚེ་འཕོག་ཡུལ་རྣམས་ཀྱི་ཆེད་དུ། ཆོས་ཚོགས་ཀྱིས་ད་བར་གྱི་ནོར་འཁྲུལ་གྱི་ཁྱབ་ཚད་གོ་རྟོགས་ཡོང་ཆེད། ལྷ་ཁང་ཁག་གི་སྡུག་ཕྱོགས་གསལ་སྟོན་བྱས་པ་ཡིན་སྐོར་བརྗོད་འདུག

དེང་གི་ཆར་འཛམ་གླིང་ནང་ཡེ་ཤུ་ཁེ་ཐོ་ལེག་ལྷ་ཁང་ཁག་གི་ཆོས་དཔོན་དང་ཆོས་བྱེད་མི་སྣ་ཚོས། འདས་པའི་ལོ་ཟླའི་ནང་ཕྲུ་གུ་ཁྲི་ཕྲག་མང་པོར་བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་བྱས་ནས། ཕྲུ་གུ་མང་པོ་ཞིག་གི་མི་ཚེར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ཞིབ་འཇུག་སྙན་ཐོ་མང་པོ་ཐོན་ནས། སྤྱི་ཚོགས་ནང་མི་ཚོས་གནད་དོན་དེའི་རིགས་ལ་གླེང་སློང་དང་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད་ལ། དེ་སྔོན་ཟླ་༨ པའི་ནང་ཨ་རིའི་མངའ་སྡེ་པཱེན་སིལ་ཝེ་ནི་ཡ་(Pennsylvania) ཁྲིམས་ཁང་ཞིག་གི་བཤེར་དཔང་ལྷན་ཚོགས་ཀྱིས་ལོ་གཉིས་རིང་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཐོ་བཏོན་ནས་གསར་འགོད་ལྷན་ཚོགས་བསྐོངས་ཡོད་འདུག་པ་དང་། སྙན་ཐོའི་ནང་མངའ་སྡེ་དེའི་ཆོས་གཞིས་༦ ནང་གི་ཆོས་དཔོན་ཚོས་འདས་མ་ཐག་པའི་ལོ་༧༠ ཡི་ནང་ཕྲུ་གུ་༡༠༠༠ ལས་མང་བར་བཙན་དབང་འཁྲིག་སྤྱོད་བྱས་ཡོད་པ་དང་། གྲུབ་དོན་དེ་དག་ལྷ་ཁང་གི་གྲངས་ཐོ་ལ་གཞིགས་ནས་གསལ་པོ་ཆགས་ཡོད་ཁར། ད་དུང་སྙན་སེང་མ་ཞུས་མཁན་གནོད་འཚེ་འཕོག་མཁན་ཕྲུག་གུ་སྟོང་ཕྲག་མང་པོ་ཡོད་པར་ཚོད་དཔག་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༡༦༦ ཀློག་གྲངས།