བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་ཀྱི་ལྔ་དང་ལྔ་བཅུའི་ཚོགས་ཆེན།

བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དང་། དེ་བཞིན་སྤྱི་ཚོགས་ཀྱི་འཚོ་རྟེན་དང་། ཤེས་ཡོན། འཕྲོད་བསྟེན་བཅས་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་འཆར་གཞི་གསར་པ་དང་ནུས་པ་མཉམ་སྤུངས་ཀྱིས་ཐབས་ལམ་འཚོལ་ཐབས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་གི་ཚོགས་འདུ་དབུ་འཛུགས་གནང་སོང་།

ཟླ་འདིའི་ཕྱི་ཚེས་༡༣ ཉིན་གྱི་དགོང་མོའི་ཆུ་ཚོད་༦ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་གོ་སྒྲིག་འོག དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཉེ་འཁྲིས་སུ་ཡོད་པའི་ (Hotel Fortune Moksha)ཞེས་པའི་གསོལ་མགྲོན་ཁང་དུ། བཀའ་ཤག་གི་དགོངས་གཞི་ལྟར་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་སུ་དམིགས་པའི་འབྱུང་འགྱུར་ལྔ་དང་ལྔ་བཅུའི་འཆར་སྣང་ཞེས་པའི་བརྗོད་གཞིའི་ཐོག་ཕྱི་ཚེས་༡༣ ནས་༡༦ བར་ཉིན་བཞིའི་རིང་གི་ཚོགས་འདུ་དབུ་འབྱེད་གནང་སོང་།

ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དམིགས་བསལ་སྐུ་མགྲོན་ཨ་མི་རི་ཁའི་ཐེབས་རྩའི་ཨེ་ཤི་ཡ་ཁུལ་གྱི་འཛིན་སྐྱོང་འགན་འཛིན་ལས་རོགས་ལྕམ་སྐུ་ཨན་མཱ་རི་ཡ་སི་ཏིས་ཧོཀ (Ann Marie Yastishock) གཞན་ཡང་མཁས་དབང་དང་། ཁྱད་མཁས་མི་སྣ། སློབ་སྟོན་པ། རོགས་ཚོགས་ཀྱི་སྐུ་ཚབ། སྤྱི་ཚོགས་ཀྱི་འཐུས་མི། འབྲེལ་ཡོད་ལས་བྱེད། བོད་ཀྱི་གྲོགས་པོ་གྲོགས་མོ་སོགས་དོན་གཉེར་ཅན་གྱི་མི་སྣ་༢༠༠ ལྷག་ཙམ་མཉམ་ཞུགས་གནང་འདུག

དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོས་སྣང་གསལ་མར་མེ་ཞལ་ཁ་ཕྱེས་རྗེས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ཀྱིས་དགའ་བསུའི་འཚམས་འདྲིའི་གསུང་བཤད་གནང་སོང་ཞིང་། དེ་ནས་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་བརྙན་ཐུང་ཞིག་གཟིགས་འབུལ་གྲུབ་མཚམས་སྲིད་སྐྱོང་བློ་བཟང་སེང་གེས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང་དོན་དུ་“ལྔ་དང་ལྔ་བཅུའི་འཆར་སྣང་གི་ཚོགས་འདུ་རིམ་པ་འཚོགས་ནས་འགྲོ་བསྡད་ཀྱི་ཡོད་རེད། གཞི་རྩའི་ལྔ་དང་ལྔ་བཅུ་ཞེས་བྱུང་དགོས་དོན་དེ་ལོ་དང་ལོ་ལྔ་བཅུ་ལ་ཟེར་གྱི་ཡོད་རེད། གང་ལགས་ཟེར་ན། ༧གོང་ས་མཆོག་ནས་བཀའ་སློབ་ཕེབས་པ་ལྟར། རེ་བ་ཡག་ས་ནས་རྒྱག་དགོས་རེད། ཡིན་ནས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་རེད། ཅེས་གསུང་པ་ནང་བཞིན་ང་ཚོས་ལོ་ལྔའི་ནང་ལ་དབུ་མའི་ལམ་གཞིར་བཞག་པའི་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་ག་འདྲ་བྱས་ཐོབ་ཐུབ་ཀྱི་རེད་ཟེར་དེའི་སྒང་ལ་འབད་བརྩོན་གནང་རྒྱུ་རེད། མཉམ་དུ་ལོ་ལྔ་བཅུའི་འཆར་གཞི་དགོས་ཀྱི་འདུག་ཟེར་ནས་བཙན་བྱོལ་ནང་ལོ་ལྔ་བཅུ་གནས་དགོས་རེད། བསྡད་དགོས་རེད་ཟེར་གྱི་ཡོད་མ་རེད་དེ། གནས་དགོས་བྱུང་ན་ལོ་ལྔ་བཅུའི་འཆར་གཞི་དགོས་ཀྱི་རེད། དེ་བརྟེན་ང་ཚོས་ལོ་ལྔ་དང་ལྔ་བཅུ་ཟེར་བཀའ་ཤག་ནང་ལ་བཀའ་བསྡུར་རིམ་པར་གནང་སྟེ། ལོ་ལྔ་དང་ལྔ་བཅུ་ཟེར་འཆར་གཞི་རིམ་པར་གཏིང་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པ་དང་། བོད་པའི་སྤྱི་ཚོགས་ནང་ལ་ཡོད་པ། གྲོགས་པོ་རྙིང་པ། རྒྱབ་སྐྱོར་གནང་མཁན། སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་ཚང་མ་ས་ཆ་གཅིག་ལ་འཛོམས་ནས་ལོ་ལྔའི་ནང་ག་རེ་གནང་རྒྱུ་ཡོད་རེད། ལོ་ལྔ་བཅུའི་ནང་ལ་ག་རེ་གནང་རྒྱུ་ཡོད་མིན་གྱི་ཐོག་ཚོགས་འདུ་ཞིག་བསྐོང་དགོས་འདུག་ཟེར་ནས། ན་ནིང་ལོའི་སྤྱི་ཟླ་བཅུ་པའི་ནང་ལ་ཚོག་འདུ་བསྐོངས་པ་རེད། དེ་དུས་མང་ཆེ་བ་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་དབུ་མའི་ལམ་གཞིར་གཞག་ཐོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ག་འདྲ་བྱས་རག་ཐུབ་ཀྱི་རེད། རྒྱ་ནག་ནང་ལ་འགྱུར་ལྡོག་ག་འདྲ་འགྲོ་སྲིད་ཀྱི་རེད། བོད་ནང་ལ་གནས་སྟངས་ག་འདྲ་འདུག མ་འོངས་པར་ག་འདྲ་ཡོང་གི་རེད། རྒྱ་གར་ནང་ལ་གནས་སྟངས་ག་འདྲ་ཡོད་རེད། མ་འོངས་པར་ག་འདྲ་ཡོང་གི་རེད། རྒྱལ་སྤྱིའི་ཐོག་ནས་ང་ཚོས་ལས་འགུལ་ག་རེ་སྤེལ་རྒྱུ་ཡོད་རེད། རྒྱབ་སྐྱོར་ཤུགས་ཆེ་རུ་ག་རེ་གཏོང་རྒྱུ་ཡོད་རེད་ཟེར་ནས། དེ་དག་ཚང་མ་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་ཚོགས་འདུ་མང་པོ་འཚོགས་ཏེ་དགོངས་ཚུལ་མང་པོ་བྱུང་བ་རེད།”ཅེས་གསུངས་སོང་།

དེ་བཞིན་ཁོང་གིས་མུ་མཐུད་དུ་ན་ནིང་ལོའི་ལྔ་དང་ལྔ་བཅུའི་ཆབ་སྲིད་ཀྱི་ཚོགས་འདུ་སྐབས་ཀྱི་དགོངས་ཚུལ་དང་འབྲེལ་ནས་ལྔ་དང་ལྔ་བཅུའི་ཚོགས་འདུ་གཞན་རྣམས་ཀྱི་བྱུང་རིམ་སྐོར་ལ་གསུང་དོན་དུ་“དེའི་ནང་ལ་དགོངས་ཚུལ་ཤུགས་ཆེ་ཤོས་ཤིག་ག་རེ་བྱུང་ཡོད་རེད་ཟེར་ན། ལྔ་དང་ལྔ་བཅུའི་འཆར་སྣང་གཞིར་གཞག་པའི་ཐོག་ཆབ་སྲིད་ཀྱི་སྐོར་ལ་ཚོགས་འདུ་འཚོགས་པ་ནང་བཞིན་ང་ཚོའི་མ་འོངས་སོན་རྩ་གཞོན་སྐྱེས་དང་འབྲེལ་བའི་ཐོག་ནས་ཚོགས་འདུ་འཚོགས་དགོས་ཀྱི་འདུག་གསུང་པ་རེད། ད་ལན་སྤྱི་ཟླ་༨ པའི་ནང་ལ་འཛམ་གླིང་གི་ལུང་པ་བཅོ་ལྔ་ནས་བོད་པའི་གཞོན་སྐྱེས་བརྒྱ་ཐམ་པ་འཛོམས་ནས། ང་ཚོའི་བོད་པའི་གཞོན་སྐྱེས་ཁོ་རང་ཚོའི་ཐོག་ནས་བོད་ཀྱི་རྩ་དོན་དང་། བོད་ཀྱི་ཆོས་རིག་གཞུང་སྐད་ཡིག་མི་ཉམས་གོང་འཕེལ་གྱི་ཆེད་དུ་ག་རེ་གནང་རྒྱུ་ཡོད་མེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་ག་རེ་གནང་རྒྱུ་ཡོད་མེད་ཐོག་བཀའ་བསྡུར་རིམ་པ་བྱུང་བ་གཞིར་བཟུང་། དགོངས་ཚུལ་གང་ལ་གང་འཚམས་ཞིག་ཕེབས་ཡོད་རེད། དེ་ནས་ན་ནིང་སྤྱི་ཟླ་བཅུ་པའི་ནང་ཆབ་སྲིད་ཀྱི་ཚོགས་འདུ་འཚོགས་སྐབས་དེ་དང་མཉམ་དུ་རིག་གཞུང་གི་ཐོག་ནས་ག་རེ་གནང་རྒྱུ་ཡོད་རེད། ཤེས་ཡོན་གྱི་ཐོག་ནས་ག་རེ་གནང་རྒྱུ་ཡོད་རེད། དཔལ་འབྱོར་གྱི་ཐོག་ནས་ག་རེ་གནང་རྒྱུ་ཡོད་རེད། འཕྲོད་བསྟེན་གྱི་ཐོག་ནས་ག་རེ་གནང་རྒྱུ་ཡོད་མིན་བཅས། དེ་དག་ཆ་ཚང་གི་སྒང་ལ་ང་ཚོས་དགོངས་ཚུལ་ཞིག་བསྡུ་ཐུབ་པ་ཡིན་ན་ལྔ་དང་ལྔ་བཅུའི་འཕྲལ་ཕུགས་གཉིས་ཀའི་ཐོག་ང་ཚོས་དགོངས་པ་བཞེས་རྒྱུ་དང་། འཆར་གཞི་བཏིང་བར་ཕན་ཐོགས་ས་རེད་ཟེར་ནས་ད་ལན་གྱི་ཚོགས་འདུ་འདི་རིག་གཞུང་དང་། ཤེས་ཡོན། དཔལ་འབྱོར། འཕྲོད་བསྟེན་བཅས་ཀྱི་ཐོག་ལ་བཀའ་བསྡུར་གནང་རྒྱུ་དེ་ཆགས་ཡོད་རེད། དེའི་ཐོག་བཀའ་བསྡུར་གནང་བ་གཞིར་བཟུང་འགའ་ཤས་ཀྱི་དགོངས་ཚུལ་ལ་ན་ནིང་ལོར་ལྔ་དང་ལྔ་བཅུའི་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་ཚོགས་འདུ་འཚོགས་སོང་། ཚོགས་བཅར་བའི་ནང་ལ་གནད་ཡོད་མི་སྣ་མང་པོ་ཕེབས་སོང་། བཀའ་བསྡུར་རིམ་པར་གནང་སོང་སྟེ་གྲུབ་འབྲས་འདྲ་གང་མཐོང་རྒྱུ་མི་འདུག་ཟེར་གསུང་མཁན་ཁ་ཤས་ཡོད་པ་འདྲ། བཀའ་ཤག་གི་ཐོག་ནས་བཀའ་བསྡུར་རིམ་པ་བྱུང་སོང་། ན་ནིང་སྤྱི་ཟླ་༡༠ པའི་ནང་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་ཚོགས་འདུའི་ནང་ལ་དགོངས་ཚུལ་བྱུང་བཞག་པ་ཆ་ཚང་གཅིག་དང་། དེ་ནས་གལ་ཆེ་བ་སྙིང་བསྡུས་ཞིག་བཅས་དེ་དག་ཚང་མའི་ཐོག་བཀའ་བསྡུར་བྱུང་ནས་མི་མང་ལ་བཀྲམ་ཡ་དེ་ག་དུས་བཀྲམ་དགོས་འདུག་ཟེར་གོ་བསྡུར་བྱུང་དུས། ལྔ་དང་ལྔ་བཅུའི་འཆར་སྣང་གི་ཆབ་སྲིད་ཀྱི་ཚོགས་འདུ་དང་། ལྔ་དང་ལྔ་བཅུའི་འཆར་སྣང་གི་གཞོན་སྐྱེས་ཀྱི་ཚོགས་འདུ། དེ་བཞིན་ད་ཐེངས་ལྔ་དང་ལྔ་བཅུའི་འཆར་སྣང་གི་སྤྱི་ཚོགས་སྲ་བརྟན་གྱི་ཚོགས་འདུ་བཅས་ཚང་མ་ཕན་ཚུན་ལ་འབྲེལ་བ་འདུག དེར་བརྟེན་ཚོགས་འདུ་འདི་གསུམ་ཀ་ཚར་བའི་རྗེས་སུ་གནས་ཚུལ་ག་རེ་འདུག མི་མང་ལ་བཀྲམ་དགོས་པ་ག་རེ་འདུག བཀྲམ་མི་དགོས་པ་ག་རེ་འདུག ཚང་མ་ཕྱོགས་བསྒྲིགས་བྱས་ནས་འདི་ལོའི་ལོ་མཇུག་ཚུན་ཆད་ལ་བཀྲམ་ཐུབ་པ་ཡིན་ན་དགེ་མཚན་ཆེན་པོ་འདུག་ཟེར་ནས། ད་ལྟ་ང་ཚོས་སྙན་ཐོ་ཟེར་ན་རེད། ཚོགས་འདུའི་ནང་དོན་དེ་དག་ད་ལྟ་མ་བཀྲམ་ནས་གནས་ཡོད་རེད། དེ་བཀྲམ་པའི་སྐབས་སུ་བཀྲམ་དགོས་དོན་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་གནང་དགོས་པ་འདུག མི་མང་ནས་གནང་དགོས་པ་འདུག རྒྱབ་སྐྱོར་གནང་མཁན་གྱིས་གནང་དགོས་པ་ཧ་ཅང་མང་པོ་འདུག དེར་བརྟེན་མི་མང་རང་ལ་ཕྱི་གསལ་ནང་གསལ་བྱས་ནས་གང་ཐུབ་བཀྲམ་ཐུབ་པ་ཡིན་ན་ལྔ་དང་ལྔ་བཅུའི་འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོང་ས་རེད་ཟེར་ནས་ང་ཚོའི་སྙན་ཐོ་ཟེར་ན་ཡང་རེད། ག་རེ་ཡོད་བཞག་པ་དེ་བཀྲམ་རྒྱུར་འབད་བརྩོན་ཞུ་བཞིན་ཡོད་”ཅེས་གསུངས་སོང་།

ཡང་ཁོང་གིས་ད་ཐེངས་ཀྱི་ཚོགས་ཆེན་གྱི་དམིགས་བསལ་ཁྱད་ཆོས་ཀྱི་སྐོར་ལ་གསུང་དོན་དུ་“དེ་ནས་ང་ཚོས་འདིར་ཚོགས་འདུ་གོ་སྒྲིག་བྱེད་ཀྱི་ཡོད་དུས་ད་ཐེངས་དམིགས་བསལ་ཞིག་ག་རེ་ཡོད་རེད་ཟེར་ན། ང་རང་ཚོར་རོགས་སྐྱོར་བྱེད་མཁན་ཚོགས་པ་ཁག་མང་པོ་ཞིག་འདིར་ཕེབས་ཡོད་རེད། དེའི་ནང་ནས་ཆེད་དུ་མངགས་ནས་ཨ་རི་གཙོས་པའི་རྒྱལ་ཁབ་ཁག་རང་གི་སྐུ་ཚབ་དེ་འདྲ་ཕེབས་ཡོད་རེད། ད་ལན་མ་འདྲ་བ་གཅིག་དེ་ཆགས་ཡོད་རེད། ཁོ་རང་ཚོར་ཡིན་ན་རོགས་དངུལ་གནང་བ་གཅིག་པུ་མིན་པར་ད་ལན་ཕེབས་རོགས་གནང་། ཉི་མ་གསུམ་གྱི་ཚོགས་འདུའི་ནང་ལ་རྣམ་པ་ཚོས་རོགས་དངུལ་ད་ལྟ་བར་དུ་གནང་ནས་གྲུབ་འབྲས་ག་རེ་སྨིན་ཡོད་རེད། ང་ཚོར་དཀའ་ངལ་ག་རེ་འཕྲད་ཀྱི་འདུག མ་འོངས་པར་ལས་འཆར་ག་རེ་གནང་དགོས་ཀྱི་འདུག ང་རང་ཚོས་ཞུས། དེར་རྣམ་པ་ཚོས་རྒྱབ་སྐྱོར་གནང་བ་གཅིག་པུ་མིན་པར་མཉམ་འདུས་ཀྱི་ཐོག་ནས་ཚོགས་ཁང་གཅིག་ནང་འཛོམས་ཏེ་བཀའ་བསྡུར་གནང་སྟེ་མ་འོངས་པར་ང་ཚོས་འཆར་གཞི་ག་རེ་གནང་དགོས་འདུག་ཟེར་ནས་ཆེད་མངགས་གདན་འདྲེན་ཞུས་པ་ནང་བཞིན་ཁོང་རྣམ་པ་ཕེབས་པ་དེར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་མ་གཏོགས་ནམ་རྒྱུན་ང་ཚོས་རོགས་དངུལ་ཞུ་དུས་ལས་འཆར་འགའ་ཤས་ལ་གནང་གི་ཡོད་རེད། ལས་འཆར་འགའ་ཤས་ལ་གནང་གི་ཡོད་མ་རེད། ལས་འཆར་འགའ་ཤས་ང་ཚོས་ཧ་ཅང་གལ་ཆེན་པོ་མཐོང་གི་ཡོད་རེད་དེ། རོགས་དངུལ་གནང་ཐུབ་ཀྱི་ཡོད་མ་རེད། འགའ་ཤས་ང་ཚོས་དེ་ཙམ་གལ་ཆེན་པོ་མ་མཐོང་ན་ཡང་རོགས་དངུལ་གནང་མཁན་གྱིས་རྒྱལ་སྤྱིའི་འགྲོ་སྟངས་ཀྱི་ཐོག་ནས། ཁོ་རང་ཚོའི་སྲིད་ཇུས་ཀྱི་ཐོག་ནས་དེ་དག་གལ་ཆེན་པོ་རེད་ཟེར་ནས་གནང་གི་ཡོད་རེད། ད་ལན་ཚོགས་ཁང་གཅིག་ནང་ལ་ང་རང་ཚང་མ་མཉམ་དུ་འཛོམས་པའི་ཐོག་ནས་བཀའ་བསྡུར་གནང་བ་ཡིན་ན་ང་ཚོས་གལ་ཆེན་པོ་བརྩི་དགོས་དོན་ཆ་ཚང་དང་། ཁོ་རང་ཚོས་གལ་ཆེན་པོ་བརྩི་དགོས་དོན་ཆ་ཚང་རྟོགས་པའི་ཐོག ཕན་ཚུན་མོས་མཐུན་ཡོད་པ་དང་མཉམ་འབྲེལ་ཐོག་ནས་འཆར་གཞི་བཏིང་སྟེ། ཕྱག་ལས་གནང་ཐུབ་པ་དང་ཡག་པོ་ཡོང་གི་འདུག་ཟེར་ནས་དེ་གལ་ཆེན་པོ་བརྩིས་པའི་ཐོག་ནས་ཆེད་མངགས་གདན་འདྲེན་ཞུས་པ་བཞིན་འདིར་ཕེབས་ཡོད་རེད། ཁོང་རྣམ་པ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་”ཅེས་གསུངས་རྗེས་རོགས་ཚོགས་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམས་ངོ་སྤྲོད་གནང་སོང་།

དེ་རྗེས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེས་ཚོགས་འདུའི་མཛད་རིམ་སྤྱི་ཡོངས་ཀྱི་གནས་བབ་ཐོག་འགྲེལ་བརྗོད་གནང་མཚམས། དགེ་བཤེས་ངག་དབང་བསམ་གཏན་གྱིས་བོད་མིའི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས་ཀྱི་སྐོར་དང་། ཀརྨ་ཆུང་བདག་གིས་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་སྐོར། སྨན་པ་དཀོན་མཆོག་རྡོ་རྗེས་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས་ཀྱི་སྐོར། དེ་བཞིན་སྐུ་ཞབས་རི་ཅར་ཌི་ཝེན་གྷར་ཊེན་(Richard Weingarte)གྱིས་བོད་མིའི་སྤྱི་ཚོགས་ཀྱི་འཚོ་རྟེན་ཡར་རྒྱས་གཏོང་ཐབས་བཅས་ཀྱི་སྐོར་ངོ་སྤྲོད་གནང་མཐར། དྷ་ས་བོད་ཀྱི་གཏམ་བརྗོད་ཚན་པས་འཕྲོད་བསྟེན་དང་འབྲེལ་བའི་འཁྲབ་སྟོན་ཐུང་ཐུང་ཞིག་གཟིགས་འབུལ་ཞུས་སོང་།

ད་ཐེངས་ཀྱི་ཚོགས་འདུའི་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ཇི་ལྟར་དགོས་པའི་གནད་དོན་ཐོག་མཁས་པ་དང་ཁྱད་མཁས་མི་སྣ། སློབ་སྟོན་པ་སོགས་ལྷན་འཛོམས་ཐོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག བོད་བརྒྱུད་ནང་བསྟན་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ། བོད་ཀྱི་འགྲེམས་སྟོན་ཁང་གི་ལས་དོན་ཚགས་ཚུད་སྤེལ་ཕྱོགས། བོད་ཀྱི་སྒྱུ་རྩལ་ཡར་རྒྱས་གཏོང་ཕྱོགས་བཅས་ཀྱི་གནད་དོན་ཐོག་གོ་བསྡུར་གནང་རྒྱུ་དང་། དཔལ་འབྱོར་འཛུགས་སྐྲུན་ལས་གཞི་གོང་སྤེལ་བརྒྱུད་བོད་མིའི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཇི་ལྟར་གཏོང་རྒྱུའི་ཐད་གོ་བསྡུར་གནང་སྐབས་བརྗོད་གཞི་གཙོ་བོ་སྐྱབས་བཅོལ་བའི་གནས་སྟངས་དང་། གཞོན་སྐྱེས་དང་འབྲེལ་བའི་གནད་དོན་ཁག སོ་ནམ་འདེབས་ལས། དཔལ་འབྱོར་ཞབས་ཞུ། སྒེར་གྱི་ཁེ་གཉེར་ཚོང་ལས་སྤེལ་མཁན། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་སྡོད་བྱེད་བཞིན་པའི་བོད་མིའི་ལས་འགན་སོགས་ཀྱི་སྐོར་གོ་བསྡུར་སྦྱང་བཤད་གནང་རྒྱུ་ཡིན་འདུག་པ་མ་ཟད། བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་སུ་བོད་མིའི་འགོ་ཁྲིད་དང་སྤྱི་ཚོགས་ཀྱིས་གདོང་ལེན་བྱེད་དགོས་པའི་གནད་དོན་བཞི་སྟེ། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དང་། དེ་བཞིན་སྤྱི་ཚོགས་ཀྱི་འཚོ་རྟེན་དང་། ཤེས་ཡོན། འཕྲོད་བསྟེན་བཅས་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་འཆར་གཞི་གསར་པ་དང་ནུས་པ་མཉམ་སྤུངས་ཀྱིས་ཐབས་ལམ་འཚོལ་ཐབས་བྱ་རྒྱུ་ཡིན་འདུག གཞན་ཡང་ད་ཐེངས་ཀྱི་ཚོགས་འདུ་འདི་ནི་བོད་མིའི་འཚོ་རྟེན་རང་ཁ་རང་གསོ་དང་འབྲེལ་བའི་ཨ་རིའི་རོགས་སྐྱོར་གྱི་ལས་གཞིའི་ཆ་ཤས་ཤིག་ཡིན་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༢༧༧ ཀློག་གྲངས།