༧གོང་ས་མཆོག་ལ་བོད་པའི་བླ་མ་ལྔ་ཡི་ལག་ནས་བཙན་དབང་འཁྲིག་སྤྱོད་མྱངས་བའི་མྱོང་ཚོར་ཡིག་ཆ་ཕུལ་ཡོད་འདུག

བོད་པའི་བླ་མ་ལྔ་ཡི་ལག་ནས་བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་མྱངས་མྱོང་མཁན་ཕྱི་རྒྱལ་བ་༡༢ ཀྱིས། རང་ཉིད་ལ་གནོད་འཚེ་དེ་རིགས་མྱངས་བའི་མྱོང་ཚོར་ཡིག་ཆ་ཞིག་༧གོང་ས་མཆོག་ལ་ཕུལ་ནས་མཇལ་ཁ་ཞུས་འདུག་པ་དང་། ༧གོང་ས་མཆོག་ནས་གནོད་འཚེ་འཕོག་ཡུལ་དེ་དག་རྣམས་ལ་མཇལ་ཁ་བསྩལ་རྒྱུ་ཡིན་འདུག

ཟླ་༩ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་༩ པའི་ཚེས་༡༠ ཉིན་བོད་པའི་བླ་མ་ལྔ་ཡི་ལག་ནས་བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་མྱངས་མྱོང་མཁན་ཕྱི་རྒྱལ་བ་༡༢ ཀྱིས་༧གོང་ས་མཆོག་ལ་དྲ་ཐོག་ཞུ་གཏུག་ཅིག་ཕུལ་འདུག་པ་དང་། ད་ལྟ་བར་ཞུ་གཏུག་དེར་རྒྱབ་སྐྱོར་གྱི་མིང་རྟགས་བཀོད་མཁན་༡༢༡༨ བྱུང་འདུག

ཞུ་གཏུག་དེའི་ནང་ཞུ་གཏུག་བྱེད་མཁན་མི་༡༢ པོ་རྣམས་ནང་པའི་བླ་མའམ་དགེ་རྒན་གྱི་ལག་ནས་བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་འཕོག་ཡུལ་ཤ་སྟག་ཡིན་པ་དང་། ཁོ་ཚོས་ནང་ཆོས་ལ་བསམ་བློ་གུ་ཡངས་ཐོག་ནས་སྐྱབས་བཅོལ་བ་ཡིན་པ་དང་། མཐའ་མ་དེར་ནང་ཆོས་ཀྱི་མིང་ཐོག་ནས་ཁོ་ཚོར་བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་བཏང་ཡོད་པ། ཉེ་བའི་ཆར་ནང་པའི་སྤྱི་ཚོགས་ནང་གནད་དོན་དེའི་རིགས་གསལ་སྟོན་བྱུང་ནས་བགྲོ་གླེང་ཆེན་པོ་བྱུང་ཡོད་པས། གནོད་འཚེ་འཕོག་ཡུལ་རྣམས་མཉམ་ལས་ཐོག་ནས་ལས་འགུལ་སྤེལ་རྒྱུའི་སེམས་ཤུགས་སླེབས་ཡོད་པ། ཐེངས་འདིར་༧གོང་ས་མཆོག་ཟླ་༩ པའི་ཚེས་༡༤ ནས་༡༧ བར་ཡུ་རོབ་ཧོ་ལེན་ཌ་ལ་བཞུགས་རྒྱུ་ཡིན་པས། སྐབས་དེར་ཁོང་སྐུ་སྒེར་ལ་ཁོ་ཚོས་རང་རང་སོ་སོར་ནང་པའི་བླ་མའམ་དགེ་རྒན་གྱི་ལག་ནས་བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་མྱངས་བའི་མྱོང་ཚོར་ཡིག་ཆ་ཕུལ་རྒྱུ་ཡིན་པ་དང་།  ༧གོང་ས་མཆོག་གི་དྲུང་ནས་ཁོ་ཚོའི་མ་འོངས་ལས་དོན་མཇུག་སྐྱོང་གི་བསམ་ཚུལ་ཐད་དགོངས་བཞེད་གང་ཡོད་པ་ཞུ་རྒྱུའི་འདོད་པ་ཡོད་སྐོར་དང་། མྱོང་ཚོར་ཡིག་ཆ་དེ་དག་ལ་གནོད་འཚེ་འཕོག་ཡུལ་རྣམས་ཀྱི་མིང་དངོས་གནས་འཁོད་ཡོད་པ་དང་། ཡིག་ཆ་དེ་དག་༧གོང་ས་མཆོག་སྐུ་སྒེར་གཅིག་པུར་སྤྱན་འབུལ་ཞུ་རྒྱུ་ཡིན་པ། དེ་དག་ནང་ཁོང་ཚོར་གནོད་འཚེ་ག་རེ་བྱུང་ཡོད་པ་དང་། དེ་ལས་ཁོང་ཚོ་དང་དགའ་གཉེན་ཁག་གི་མི་ཚེར་ཤུགས་རྐྱེན་ག་རེ་བྱུང་ཡོད་པའི་མྱོང་ཚོར་སྐོར་བྲིས་ཡོད་པ་རེད་འདུག

ཞུ་གཏུག་འབྲི་མཁན་དེ་དག་གིས་ཁོ་ཚོར་ནང་པའི་བླ་མའམ་དགེ་རྒན་ཁག་གི་ལག་ནས་བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་ཕོག་པའི་མྱོང་ཚོར་ཡིག་ཆ་སྤྲད་མཁན་གྱི་གྲངས་མང་དུ་འགྲོ་བཞིན་ཡོད་ཀྱང་། ཁོ་ཚོས་༧གོང་ས་མཆོག་ལ་ཕུལ་རྒྱུའི་ཡིག་ཆ་དེ་དག་ནི་ཉུང་མཐར་བོད་པའི་བླ་མ་༥ ཡི་ལག་ནས་གནོད་འཚེ་མྱངས་བའི་ཡིག་ཆ་ཡིན་པ་དང་། ཕྱིའི་རྒྱལ་ཁབ་༡༠ ལས་མི་གྲངས་༡༢ ཡོད་སྐོར་བརྗོད་ནས། ༧གོང་ས་མཆོག་གིས་རྒྱུན་གཏན་ནས་བཙན་དབང་འཁྲིག་སྤྱོད་བྱེད་མཁན་ནང་པའི་བླ་མ་དང་དགེ་རྒན། དེ་བཞིན་བྱེད་ལས་དེ་རིགས་ལ་སྐྱོན་བརྗོད་གནང་གི་ཡོད་ཁར། བུད་མེད་ཀྱི་ཐོབ་ཐང་ཐད་ལ་ཡང་སེམས་ཁུར་ཆེན་པོ་གནང་གི་ཡོད་སྐོར་བྲིས་འདུག

ཁོ་ཚོའི་ཞུ་གཏུག་ཡིག་ཆ་དེའི་གཤམ་དུ་༧གོང་ས་མཆོག་ལ་རེ་སྐུལ་དོན་ཚན་༤ ཕུལ་འདུག
དེ་ཡང་ཐོག་མར་༧གོང་ས་མཆོག་ནས་གནོད་འཚེ་འཕོག་མཁན་རྣམས་ཀྱི་མྱོང་ཚོར་ཡིག་ཆ་བཞེས་གནང་ནས་མཇལ་ཁ་བསྩལ་ཏེ། ཁོ་ཚོའི་བསམ་ཚུལ་ལ་༧གོང་ས་མཆོག་གི་དགེངས་བཞེད་གང་ཡོད་པ་གནང་རྒྱུ། དེ་བཞིན་ལུས་སེམས་སྲོག་གི་བསྟི་གནས་ཁང་གིས་རྒྱུན་ཏུ་ནང་པ་དང་ཚན་རིག་པའི་བར་བགྲོ་གླེང་གོ་སྒྲིག་བྱེད་ཀྱི་ཡོད་པ་ལྟར། ཁོ་ཚོར་ནང་པའི་བླ་མའམ་དགེ་རྒན་སྐྱ་སེར་གཉིས་ཀྱི་བཙན་དབང་འཁྲིག་སྤྱོད་ཀྱི་བྱེད་ལས་དང་། གནོད་འཚེ་འཕོག་མཁན་གྱི་སེམས་ནད་ཐད་བགྲོ་གླེང་བྱེད་པའི་རེ་སྐུལ་གནང་རྒྱུ་དང་། དེ་བཞིན་ཟླ་༡༡ པའི་ནང་བོད་ཀྱི་བླ་ཆེན་ཁག་གི་ཚོགས་ཆེན་ཐོག གནད་དོན་དེའི་ཐད་བགྲོ་གླེང་གནང་རྒྱུ། མཐའ་མ་དེར་ཡོངས་གྲགས་སུ་བསྐྱར་དུ་༧གོང་ས་མཆོག་ནས་ཁྲིམས་འགལ་གྱི་ནག་ཉེས་བཙན་དབང་འཁྲིག་སྤྱོད་བྱེད་མཁན་ནང་པའི་དགེ་རྒན་དང་བླ་མ་རྣམས་མི་སེར་གཞན་དང་གཅིག་མཚུངས་ཀྱི་ཁྲིམས་ཆད་འཕོག་དགོས་སྐོར་བསྒྲགས་གཏམ་སྤེལ་གནང་རྒྱུ་བཅས་འཁོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་༩ པའི་ཚེས་༡༤ ཉིན་གྱི་ཉིན་རྒྱབ་ཏུ་༧གོང་ས་མཆོག་གིས་ཞུ་གཏུག་ཕུལ་མཁན་དེ་དག་ལ་མཇལ་ཁ་བསྩལ་རྒྱུ་ཡིན་འདུག

དེང་གི་ཆར་རྒྱལ་སྤྱིའི་ནང་ཡེ་ཤུ་ཆོས་ལུགས་ཀྱི་ཆོས་དཔོན་དང་མཐོ་རིམ་བླ་མ་ཁག་གིས། ལོ་མང་རིང་ཕྲུ་གུ་ཆུང་ཆུང་སྟོང་ཕྲག་མང་པོར་བཙན་གཡེམ་འཁྲིག་སྤྱོད་ཀྱི་གནོད་འཚེ་བཏང་བའི་ཞིབ་འཇུག་སྙན་ཐོ་མང་པོ་བཏོན་བཞིན་ཡོད་པ་དང་། ནང་པའི་སྤྱི་ཚོགས་ནང་ལ་ཡང་རིན་པོ་ཆེ་དང་དགེ་རྒན་ཁག་ཅིག་གི་བཙན་དབང་འཁྲིག་སྤྱོད་ཀྱི་བྱེད་ལས་ཐད་ཞིབ་འཇུག་སྙན་ཐོ་དང་གནས་ཚུལ་ཐོན་བཞིན་ཡོད་པ་རེད།
བར་ལམ་ཞིག་ནས་བརྒྱུད་ལམ་ཁག་ཏུ་ཆོས་ལུགས་འདྲ་མིན་གྱི་བླ་མ་ལ་ཆགས་སྤྱོད་དང་འབྲེལ་བའི་ཞུ་གཏུག་བྱེད་མཁན་གྱི་གནས་ཚུལ་མང་པོ་་སླེབས་བཞིན་ཡོད་པ་དང་། ནང་བསྟན་ཆོས་ལུགས་ཀྱི་བླ་མ་ཁག་ཅིག་ལ་ཡང་རྙོག་གླེང་བྱུང་ཡོད་པ་རེད། ནུབ་ཕྱོགས་ཁག་ཏུ་ཡོད་པའི་ནང་བསྟན་ཆོས་ལུགས་ཀྱི་བླ་མ་ཞུ་གཏུག་བྱུང་མཁན་ཚོའི་འབྲེལ་ཡོད་ཀྱིས་གནས་ཚུལ་བརྗོད་པ་ལྟར་ན། དེ་ནི་ཆོས་ཚོགས་ནང་ཁུལ་བདག་དབང་རྙོག་གླེང་དང་འབྲེལ་ནས་སྐྱོན་འཛུགས་འདྲ་མིན་བྱེད་མཁན་ཡོད་པ་དང་། དེ་ཡང་བུད་མེད་མང་པོས་ཆགས་སྤྱོད་བཙན་གཡེམ་དང་འབྲེལ་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་སྐོར་འདུག དེ་བཞིན་ཁག་ཅིག་ནི་སྔོན་ལ་བླ་མ་དང་བུད་མེད་དགའ་རོགས་ཆགས་རྗེས། བཟའ་ཚང་མ་་བྱུང་ནས་བཙན་གཡེམ་བྱས་སོང་ཞེས་ཉེས་འཛུགས་བྱེད་མཁན། དེ་བཞིན་དཔལ་འབྱོར་ཁེ་ཕན་ཐོབ་ཆེད་ཉེས་འཛུགས་བྱེད་མཁན་སོགས་རྒྱུ་མཚན་འདྲ་མིན་ཡོད་སྐོར་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༩༨༧ ཀློག་གྲངས།