བོད་ཡིག་ལ་དོ་སྣང་མི་བྱེད་པའི་རྒྱུ་མཚན་ཆེན་པོ་བཅུ།

༡༽ ན་གཞོན་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་དོ་སྣང་མི་བྱེད་པའི་རྒྱུ་མཚན་ཆེན་པོ་བཅུ་ནི་བོད་ཀྱི་སྐད་ཡིག་སྦྱོང་ནས་སློབ་མཐར་སོན་པའི་རྗེས་སུ་ཚད་ལྡན་གྱི་ལས་ཀ་བྱེད་སའི་གཞི་མེད་པ། དེས་ན། བོད་ཡིག་གིས་སྦྱང་འབྲས་མཐར་ཕྱིན་རྗེས་ཚད་ལྡན་གྱི་ལས་ཀ་བྱེད་སའི་ཁོར་ཡུག་གཅིག་བསྐྲུན་རྒྱུ་གལ་ཆེན་པོ་རེད།

༢༽ སློབ་གྲྭ་ཁག་ནས་སློབ་མ་རྣམས་འཚར་ལངས་བྱེད་དགོས་ལ་དེར་སློབ་སྦྱོང་གི་འགོ་འཛུགས་པ་དང་། བོད་ཡིག་ཀྱང་དེ་ནས་སྦྱོང་དགོས་པས། སློབ་གྲྭ་ཁག་གི་བོད་ཡིག་སློབ་ཚན་དང་ན་གཞོན་རྣམས་ཀྱི་ཤེས་ཚད་ཆ་མི་སྙོམ་པ། སློབ་མའི་བོད་ཡིག་གི་གནས་ཚད་དང་སློབ་ཚན་དབར་སྟོང་ཆ་ཆེན་པོ་ལུས་པ།

༣༽ སློབ་མས་རྒྱུན་དུ་བོད་ཡིག་ནི་ཆེས་རྙོག་འཛིན་ཆེ་བའི་སློབ་ཚན་ཞིག་ཏུ་ངོས་འཛིན་གྱི་ཡོད་པའི་རྒྱུ་མཚན་ནི་སློབ་ཚན་ནང་བརྡ་རྙིང་དང་ཆོས་ཚིག བརྗོད་བྱ་ཟབ་ཅིང་ཧ་ཅང་གོ་དཀའ་བའི་རིགས། ད་དུང་སྙན་ངག་གིས་བརྒྱན་པའི་ཚིག་སྦྱོར་མང་དྲགས་པ་སོགས་ཀྱི་རྐྱེན་པས་བོད་ཡིག་སྦྱོང་བའི་སྤྲོ་སྣང་མེད་པ་རེད།

༤༽ བོད་ཡིག་སྦྱོར་ཀློག་འབྲི་གསུམ་གནང་སའི་ཁོར་ཡུག་ཤིན་ཏུ་ཞན་པ་དང་། བྱིས་པའི་བློ་ངོ་དང་འཚམ་པའི་ད་དུང་པར་རིས་ཅན་གྱི་སྒྲུང་དེབ་དང་། འགུལ་རིས་གློག་བརྙན་ཉུང་དྲགས་པ། སེམས་འགུལ་ཐེབས་པའི་བྱིས་སྒྲུང་རིགས་ཉུང་བའི་རྐྱེན་གྱིས་བོད་ཡིག་ལ་དོ་སྣང་དང་སྤྲོ་སྣང་སླེབས་མི་ཐུབ་པ། ད་དུང་སློབ་གྲྭའི་ཁོར་ཡུག་སོགས་ལ་བོད་ཡིག་ཁྱབ་ཚད་ཆུང་བ། ལག་དངུལ་མང་དྲགས་པ། སློབ་གྲྭར་ལག་ཐོགས་ཁ་པར་བཀག་བསྡོམས་མེད་པ་གང་བྱུང་འཛིན་གྲྭ་ནང་རྩེ་བ།

༥༽ སློབ་གྲྭ་ཁག་སོགས་ལ་བོད་ཡིག་ཚོགས་ཐེངས་སྐར་མ་༤༥ གཅིག་རང་ལས་མེད་པ་དང་། དེའི་སྐབས་དགེ་རྒན་གྱིས་སློབ་ཚན་གཅིག་པུ་ལྗགས་ཀློག་བྱེད་པ་དང་སློབ་མའི་ཀླད་པ་འགུལ་བསྐྱོད་ཐེབས་པའི་ཐབས་ཤེས་མི་བྱ་བ། ཐ་ན་དྲི་བ་དྲིས་ལན་རྒན་ལགས་རང་གིས་ནག་པང་ངོས་བྲིས་པ་དེ་རང་འཇགས་མར་བཤུ་དགོས་པ་དང་། ཡིག་རྒྱུགས་ལའང་དེ་རང་འབྲི་དགོས་པ། སློབ་ཚན་ཚར་མི་ཚར་བཟོ་བ་ལས་སློབ་མའི་ཤེས་ཨེ་འདུག་མི་འདུག་གཏན་ནས་བརྟག་ཞིབ་མི་བྱེད་པ་དང་སློབ་ཚན་མ་ཚར་ན་སྒྲིག་འཛུགས་ནས་བཀའ་ཆད་ཕོག་རབས་སྒྲིག་འཛུགས་ཡིན་རབས་རྐྱང་བཤད་ནས་སྡོད་པ། འདི་གལ་གནད་ཅིག་མཐོང་།༼ ཡིག་རྒྱུགས་མ་འཕྲོད་ནའང་འཕྲོད་པ་བཟོས་བ། ༽ཤེས་ཡོན་ཡར་རྒྱས་འགྲོ་བར་འདི་ནི་བཀག་རྡོ་ངོ་མ་ཤིག་མཐོང་།

༦༽བོད་ཡིག་སྦྱོང་ན་རང་གི་མི་ཚེ་ཁོངས་འཁྱོལ་མི་ཐུབ་པ་དང་། གཞི་རིམ་སློབ་གྲྭ་ཁག་ཐོན་ནས་རྗེས་སུ་མཐོ་སློབ་འགྲོ་དུས་བོད་ཡིག་གི་ལམ་འགག་པ། མཐོ་སློབ་ཀྱི་སློབ་ཚན་དག་སྐད་རིགས་གཞན་ཐོག་རྐྱང་ཡིན་རབས་རྐྱང་བཤད་པ། དམིགས་བསལ་ཁྱད་ལས་ཞིག་ཐོན་དགོས་ན་དབྱིན་ཇི་སོགས་སྐད་རིགས་གཞན་མེད་ན་རྐང་པའི་ཐོག་ལངས་མི་ཐུབ་པ་སོགས་རྒྱུ་རྐྱེན་མང་པོས་བཙིར་ནས་རང་བཞིན་གྱིས་ན་གཞོན་རྣམས་བོད་ཡིག་གལ་ཆེན་མི་འཛིན་པ་དང་། གཞི་རིམ་ཡིག་ཚད་ཙམ་འཕྲོད་ན་འགྲིག་ཡོད་བསམ་པའི་ཚོར་སྣང་ཤུགས་ཆེ་ཡོད་པ་དེ་རེད།

༧༽བོད་ཡིག་ཐོག་དམིགས་བསལ་ཁྱད་ལས་དང་དགེ་རྒན་སོགས་ལ་ཆེ་མཐོང་གཏན་ནས་མེད་པ། དཔེར་ན། དེ་སྔོན་ཆོས་དགེ་ལ་༸གོང་ས་མཆོག་གིས་༼ལྟ་གྲུབ་སློབ་དཔོན་༽ཞེས་མཚན་གནང་ཡང་། སྒྲིག་འཛུགས་ག་གེ་མོ་ནས་དེ་ལྟར་གནང་མི་ཐུབ་པ་༼ལྟ་གྲུབ་དགེ་རྒན་༽ལ་བསྒྱུར་བ་ལྟ་བུ་རེད། དེའི་རྐྱེན་པས་སློབ་མའི་སེམས་ལ་ལས་གཞི་འདི་ལ་ནམ་ཡང་མི་འཇུག་ཨ་བསམ་པའི་ཚོར་བ་ཤུགས་དྲག་སླེབས་པ། ཆེ་མཐོང་སྐོར་བླ་མ་ཟམ་གདོང་རིན་པོ་ཆེས། ཆེ་མཐོང་སོ་སོས་བཟོ་དགོས་རེད་ཅེས་གསུངས་ཡོད། དེ་བདེན་ཡང་། བོད་ཀྱི་སྐད་ཡིག་ཐོག་ཁྱད་ལས་པ་ཚོ་ལ་དམིགས་བསལ་སྒྲིག་འཛུགས་ངོས་ནས་གདེང་འཇོག་ཅིག་ཡོད་ན་དེ་གཟི་བརྗིད་ཅིག་མཐོང་ནས་དེར་འཇུག་པ་མང་པ་ཆོས་ཉིད་དོ།།

༨༽ བཙན་བྱོལ་ནང་ས་རཱ་མཐོ་སློབ་དང་། ཝཱ་ནཱ་མཐོ་སློབ། ནོར་གླིང་མཐོ་སློབ། སྨན་རྩིས་མཐོ་སློབ་ཙམ་རེད། དེ་དག་ནང་འཛུལ་ཞུགས་བྱེད་མཁན་མང་ཤོས་སྨན་རྩིས་ཁང་གི་མཐོ་སློབ་རེད། གང་ལགས་ཞེ་ན་དེར་ཚུད་ནས་སྨན་པ་ཞིག་ཆགས་པ་ཡིན་ན་རང་གི་མི་ཚེ་མདུན་ལམ་འོད་མདངས་ལྡན་པ་ཞིག་རེད། གཞན་རྣམས་ལས་ཐོན་ན་དགེ་རྒན་ཙམ་རེད། དགེ་རྒན་ཞིག་བྱེད་ཐུབ་ན་མི་ཚེ་འཁྱོལ་ཙམ་རེད། སྔར་གྱི་དག་རྒན་དང་དེང་གི་དགེ་རྒན་གཏན་མི་འདྲ། སྔར་གྱི་དགེ་རྒན་ནི་གོང་དུ་བཀུར་ས་རེད། དེང་གི་དགེ་རྒན་ནི་ལས་ཙག་ཙིག་བྱེད་མཁན་དང་སློབ་མ་ལ་སྤྲེལ་ལད་བཤད་མཁན་ཙམ་རེད། རྒྱུ་མཚན་ནི་དགེ་རྒན་ལ་སློབ་མའི་ཕ་མ་སོགས་ཀྱིས་རྙོག་གླེང་རྐྱང་བཤད་པ་ལས་རྒྱབ་རྩར་གཏན་ནས་མི་ལངས་པ། དེའི་རྐྱེན་པས་དགེན་གྱིས་སློབ་མ་ལ་སྣང་མེད་དུ་བྱས་པའམ་རང་སོར་བཞག་པ།

༩༽སློབ་གྲྭ་གྲོལ་ནས་ནང་དུ་འབྱོར་མཚམས་ཕ་མ་དང་འབྲེལ་ཡོད་སོགས་ཀྱིས་སློབ་མའི་ཤེས་ཡོན་དང་ཁྱད་པར་བོད་ཡིག་སོགས་ཀྱི་ནང་ལས་གང་བྲིས་ཡོད་མེད་ལ་གཟིགས་ཞིབ་མེད་པ། བོད་ཡིག་ཐོག་དམིགས་བསལ་གྱི་སྦྱོང་དགོས་པའི་བཀའ་སློབ་ལམ་སྟོན་ནམ་ཁ་ཏ་བསླབ་བྱ་གཏན་ནས་མི་བྱེད་པ།

༡༠༽ ཕྱིའི་རྒྱལ་ཁབ་འདྲ་བ་ཕ་མ་དང་ནང་མི་སོགས་ཀྱི་སློབ་མའི་ཤེས་ཡོན་ཐོག་དོ་སྣང་དང་སེམས་ཤུགས་ཐེབས་པའི་བརྒྱུད་སྐུལ་མེད་པའམ་མ་འདང་བ། ནང་ལ་ཡིན་ནའང་སྦྲགས་སྐད་རྐྱང་བཤད་པ། ཕ་མས་སློབ་གྲྭར་ལྟ་སྐྱོང་ཚགས་ཚུད་མེད།

ངས་གོང་དུ་བཤད་པ་དེ་དག་སློབ་མ་མང་པོ་དང་ཕན་ཚུན་བགྲོ་གླེང་བྱས་ནས་བྲིས་པ་ཤ་སྟག་ཡིན་ལ། རང་གིས་ཀྱང་མཐོང་ཐོས་མྱོང་གསུམ་ཐོག་ཚོར་བ་རྣལ་མ་ཤར་བྲིས་བྱས་ཡོད་ལ། ཤི་ལ་ཉེ་བའི་བོད་ཀྱི་སྐད་ཡིག་འདི་ཇི་སྲིད་འཚོ་བའི་བར་དུ་གནས་ན་ཅི་མ་རུང་བསམ་ནས་འཛུབ་མོ་གཡོ་འགུལ་ཐེངས་ཤིག་བྱས་པ་ཡིན།།

རིག་ཡག་མིང་པས།༢༠༡༨།༩།༣

Share this:
༦༡༡ ཀློག་གྲངས།