རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཉེ་ཤོས་ཀྱི་འོས་བསྡུ་དང་རྒྱ་ནག་གི་ཟུར་མིག

ཕྱི་ཟླ་༡༠ པའི་ཕྱི་ཚེས་༡༨ ཉིན་གྱི་འབྲུག་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་དངོས་གཞིའི་འོས་བསྡུའི་ཆེད་དུ། དེ་རིང་ཆབ་སྲིད་ཚོགས་པ་བཞིའི་བར་ན་སྔོན་འགྲོའི་འོས་འཕེན་གྱི་ཡོད་འདུག་ཅིང་། དེ་ལ་རྒྱ་དཀར་ནག་གཉིས་ཀས་མིག་མདའ་འཕེན་གྱི་ཡོད་འདུག

རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༥ ཉིན་འབྲུག་རྒྱལ་ཁབ་མང་གཙོ་རུ་གྱུར་ནས་སྐབས་གསུམ་པའི་རྒྱལ་ཡོངས་འོས་བསྡུའི་ཆེད་དུ་སྔོན་འགྲོའི་འོས་ཤོག་བླུག་གི་ཡོད་འདུག་ཅིང་། ད་ཐེངས་འོས་འགྲན་བྱེད་མཁན་གྱི་ཆབ་སྲིད་ཚོགས་པ་ཚོའི་ནང་ནས་འོས་ཤོག་མང་ཤོས་ཐོབ་མཁན་གཉིས་འདི་ལོའི་ཕྱི་ཟླ་༡༠ པའི་ཕྱི་ཚེས་༡༨ ཉིན་གྱི་འབྲུག་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་དངོས་གཞིའི་འོས་གཞི་ཆགས་ཀྱི་ཡོད་འདུག

ད་ཐེངས་སྐབས་གསུམ་པའི་སྔོན་འགྲོའི་འོས་བསྡུའི་ནང་འགྲན་ཞུགས་བྱེད་མཁན་གྱི་ཆབ་སྲིད་ཚོགས་པ་གསར་པ་གཉིས་དང་རྙིང་པ་གཉིས་བཅས་ཁྱོན་ཆབ་སྲིད་ཚོགས་པ་བཞི་ཡོད་པ་ལས། འབྲུག་མཉམ་རུབ་ཆབ་སྲིད་ཚོགས་པ་དང་། འབྲུག་ཀུན་མཉམ་ཆབ་སྲིད་ཚོགས་པ་གཉིས་ནི་ཆབ་སྲིད་ཚོགས་པ་གསར་པ་ཡིན་པ་དང་། དེ་བཞིན་ཆབ་སྲིད་ཚོགས་པ་རྙིང་པ་གཉིས་ནི་ཕྱི་ལོ་༢༠༠༨ ལོའི་སྐབས་དང་པོའི་འོས་ཤོག་ཐོབ་མཁན་འབྲུག་ཕུན་སུམ་ཚོགས་པ་ཆབ་སྲིད་ཚོགས་པ་དང་། ཕྱི་ལོ་༢༠༡༣ ལོའི་འོས་བསྡུའི་རྒྱལ་ཁ་ཐོབ་མཁན་དང་ད་ལྟའི་གཞུང་འཛིན་ཆབ་སྲིད་ཚོགས་པ་མི་མང་མང་གཙོ་ཚོགས་པ་བཅས་ཡིན་པ་རེད།

སྤྱིར་རྒྱ་གར་གྱི་ངོས་ནས་ཁོ་རང་ཚོ་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་ཀྱི་འོག་ནས་རང་བཙན་ཐོབ་ནས་བཟུང་འབྲུག་རྒྱལ་ཁབ་དང་འབྲེལ་བ་ཤིན་ཏུ་ཉེ་པོར་བཟུང་སྟེ། དཔལ་འབྱོར་གྱི་ཐོག་ནས་རོགས་སྐྱོར་རྒྱ་ཆེན་པོ་རྒྱུན་འཁྱོངས་བྱས་ཡོད་པ་འདུག་པ་མ་ཟད། དེ་སྔོན་རྒྱ་གར་གྱི་ཆོག་མཆན་མེད་པར་འབྲུག་གིས་རྒྱལ་ཁབ་གཞན་ལ་འབྲེལ་བ་བཟུང་མི་ཆོག་པའི་ཆིངས་ཡིག་ཅིག་ཀྱང་ཡོད་པ་རེད་འདུག འོན་ཀྱང་ཕྱི་ལོ་༢༠༠༧ ལོར་ཆིངས་ཡིག་དེ་བསྒྱུར་བཅོས་བཏང་ཟིན་ཡོད་འདུག་ཀྱང་། ད་བར་འབྲུག་དང་རྒྱ་གར་གཉིས་བར་ན་འབྲེལ་བ་ཧ་ཅང་བཟང་པོ་གནས་མུས་ཡིན་འདུག

ཕྱི་ལོ་༢༠༡༣ ལོར་འབྲུག་མང་གཙོ་ཆགས་རྗེས་ཀྱི་སྐབས་གཉིས་པའི་འབྲུག་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བྱེད་སྐབས་འབྲུག་མི་མང་མང་གཙོ་ཚོགས་པའི་འོས་མི་ཚེ་རིང་སྟོབས་རྒྱལ་སྲིད་བློན་ལ་འདེམས་ཐོན་བྱུང་ནས་རྒྱ་གར་གྱི་སེམས་འཚབ་ཆུང་དུ་སོང་ཡོད་འདུག་ཅིང་། དེའི་རྒྱུ་མཚན་ནི་ཁོང་རྒྱ་གར་ལ་འབྲེལ་བ་བཟང་པོ་འཛིན་མཁན་ཞིག་ཡིན་འདུག་པ་དང་། དེ་སྔོན་གྱི་འབྲུག་གི་སྲིད་བློན་འཇིགས་མེད་འཕྲིན་ལས་(Jigme Y Thinley)ཀྱི་སྐབས་སུ་རྒྱ་ནག་དང་འབྲེལ་ལམ་བཟང་དུ་བཏང་ཡོད་པ་དེ་འདྲ་མ་ཡོང་བ་བཅས་ཀྱི་ཆེད་དུ་ཡིན་འདུག རྒྱ་གར་གཞུང་གི་སྙན་ཐོ་ཞིག་ནང་འབྲུག་གི་སྲིད་བློན་ཟུར་པ་འཇིགས་མེད་འཕྲིན་ལས་ཀྱི་སྐབས་སུ་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་བཟང་དུ་བཟུང་བ་དེར་འབྲུག་རྒྱལ་ཁབ་ནང་ནས་མི་དགའ་བའི་ཚོར་བ་ཤུགས་ཆེན་པོ་བྱུང་སྐོར་འཁོད་ཡོད་འདུག

རྒྱ་ནག་དང་འབྲུག་གཉིས་བར་ན་ཕན་ཚུན་གཞུང་འབྲེལ་སྐུ་ཚབ་ཀྱི་ཐོག་ནས་འབྲེལ་ལམ་མེད་འདུག་ཀྱང་། འབྲུག་གི་རྒྱལ་ས་ཐིམ་ཕུ་ལ་ཡང་གནད་དོན་སྣ་མང་གི་ཐད་ལ་རྒྱ་ནག་གིས་ཤུགས་རྐྱེན་ཡོད་འདུག་པ་དང་།  རྒྱ་གར་གྱིས་སེམས་འཚབ་ཆེ་ཤོས་བྱེད་ས་གཅིག་ནི་རྒྱ་ནག་དང་ལྷན་དུ་ས་ཆ་བརྗེ་ཚོང་བྱེད་རྒྱུ་འབྲུག་གིས་ངོས་ལེན་བྱས་སོང་ཚེ། ན་ནིང་ལོར་རྒྱ་དཀར་ནག་གཉིས་ཀྱི་དམག་གི་གདོང་ཐུག་རྒྱག་སའི་འབྲོག་ལམ་དེ་རྒྱ་ནག་གི་ལག་ཏུ་ཤོར་སྲིད་པ་དེ་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༣༨༩ ཀློག་གྲངས།