རྒོལ་གཏམ་གཅིག་དང་། གསལ་འདེབས་གཅིག

(ཁ་བྱང་གི་འགྲེལ། རྒོལ་གཏམ་འདི་རྒྱ་ལ་ཡིན། གསལ་འདེབས་དེ་བོད་ལ་ཡིན།)

བོད་ཀྱི་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་དབུ་འཁྲིད་པའི་ད་ལྟའི་བཀའ་ཤག་གིས་གོང་འོག་གནས་སྟངས་ལ་དཔག་པའི་སྤྱི་ཚོགས་ཡར་རྒྱས་སྲ་བརྟན་དང་། གངས་སྐྱིད་ལས་ཁུངས་ཁག་གསར་སྐྲུན་རྒྱ་སྐྱེད། རྒྱལ་སྤྱིའི་ཐོག་དབུ་ཁྲིད་གཞན་དང་འདྲ་མཉམ་གྱིས་ཆེ་མཐོང་ལྡན་པས་བོད་དོན་ཁྱབ་སྤེལ་སོགས། སྤྱི་ཡོངས་ཀྱི་ཆ་ནས་སྤོབས་པ་དང་བསྔགས་བརྗོད་ཞུ་འོས་ཀྱི་ལས་དོན་བསྒྲུབས་དང་སྒྲུབ་མུས་བསྔགས་པའི་འོས་སུ་མཆིས་ཤིང་། དེ་བཞིན་མ་འོངས་ཕུགས་དམིགས་ཀྱི་འཆར་འགོད་སླད། ལྔ་དང་ལྔ་བཅུ་ཞེས་པའི་ཚོགས་ཆེན་དེ་རིགས་ཀྱང་དགོས་ངེས་སུ་མཐོང་།

འོན་ཀྱང་། ལྔ་དང་ལྔ་བཅུའི་ཚོགས་འདུའི་སྐུ་མགྲོན་དུ་བོད་རྒྱ་ཁོངས་ཡིན་པ་དང་། ༧གོང་ས་མཆོག་རྒྱ་ནག་པ་རེད་ཟེར་མཁན་གྱི་རྒྱ་མི་ཞིག་སྐུ་མགྲོན་དུ་བོས་འདུག་པ་ནི། ལོ་རྒྱུས་ལ་རྩིས་མེད་ཁྱད་གསོད་དང་། བོད་ཀྱི་ངོ་ཚ་ཆེན་པོ་ཞིག་མ་རེད་དམ། མི་སྣ་དེ་ལྟ་བུ་ཞིག་སྐུ་མགྲོན་དུ་འབོད་དགོས་པའི་འོས་སྦྱོར་དང་ངོ་སྤྲོད་དེ་སུ་ཞིག་གིས་བྱས་པ་ཡིན་ནམ། སྐུ་མགྲོན་དེ་དག་གི་རྒྱབ་ལྗོངས་ལ་གཞུང་དང་གོ་སྒྲིག་ཚོགས་ཆུང་གིས་དཔྱད་ཞིབ་གནང་ཡོད་དམ། ཁོ་པའི་རྒྱབ་ལྗོངས་མ་ཤེས་ནས་བོས་པ་ཡིན་ན་མ་ཤེས་མ་དཔྱད་པའི་ནོར་འཁྲུལ་ཡིན་ཞིང་། རྒྱབ་ལྗོངས་ཤེས་ནས་མགྲོན་དུ་བོས་པ་ཡིན་ན། དེ་ནི་བོད་ཀྱི་འཐབ་རྩོད་དང་བོད་མི་མང་ལ་མཐོང་ཆུང་ཁྱད་གསོད་བྱས་པའི་ནོར་འཁྲུལ་ཚབས་ཆེན་ཡིན།

དེ་ཡང་སྤྱི་ལོ ༢༠༡༧།ལོའི་སྤྱི་ཟླ་བཅུ་པའི་ཚེས་ལྔ་ནས་ཉིན་གསུམ་རིང་། རྡ་སར་Pavilion གསོལ་མགྲོན་ཁང་དུ་བཙན་བྱོལ་བོད་གཞུང་གིས་བསྐོངས་པའི་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ཞེས་པའི་ཚོགས་འདུ་དང་། རྒྱ་རིགས་འབྲེལ་མཐུད་པའི་ཚོགས་འདུ་གཉིས་ཀའི་སྐུ་མགྲོན་དུ་བོས་པའི་རྒྱ་མི་ཤཱ་མིང་Xia Ming ཟེར་བས་༸གོང་ས་མཆོག་ནི། ཀྲུང་གོ་བ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཞིག་ཡིན་ཚུལ་དེ་སྔོན་འཁྱོག་བཤད་བྱས་མྱོང་ཡོད་པ་མ་ཟད། སྐབས་དེར་ཡང་སྤྱི་ཚེས་ ༡༡ ཉིན་དབུ་མའི་ལས་འགུལ་ཁང་སོགས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་གོ་སྒྲིག་བྱས་ཏེ། ཁོ་པས་རྡ་སར་མང་ཚོགས་ལ་དབུ་མའི་ལམ་གྱིས་རྒྱ་རིགས་མི་མང་ཁྲོད་བཞག་པའི་ཤུགས་རྐྱེན་ཅེས་པའི་ཐོག་གཏམ་བཤད་སྐབས། དེའི་སྐོར་དྲི་བ་བཏོན་པའི་ལན་དུ་༸གོང་ས་མཆོག་རྒྱ་ནག་ཏུ་ཕེབས་མྱོང་བ་དང་། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་གྱི་མཚན་གནས་བཞེས་མྱོང་བ་རྒྱུ་མཚན་དུ་བགྲངས་ནས། དེ་སྔོན་རྒྱལ་བ་རིན་པོ་ཆེ་ཀྲུང་གོ་བ་རེད་ལབ་པ་དེ་ཁོ་ལ་བདེན་པ་ཡོད་ཚུལ་ཡང་བསྐྱར་ཨུ་ཚུགས་ཀྱིས་ཧམ་བཤད་བྱས་ཡོད་པ་དང་། ད་ལྟ་རྒྱ་བོད་བར་མ་འགྲིག་པ་དེ་གུང་ཁྲན་ཏང་གི་སྲིད་ཇུས་མ་འགྲིག་པས་རེད་ཟེར་བ། ད་དུང་ཁོ་པས་ལོ་རྒྱུས་ནང་བོད་རྒྱ་མི་རིགས་གཉིས་ཡུན་རིང་མཉམ་གནས་ཐུབ་སར་མ་འོངས་པར་གནས་མི་ཐུབ་པ་གང་ཡང་ཡོད་པ་མ་རེད་ཅེས་བཤད་ཡོད། དེ་ལྟར་བོད་མི་རྣམས་རྒྱ་ནག་པ་དང་། བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཟེར་བའི་ཧམ་སེམས་མུ་མཐུད་བཟུང་སྟེ། བོད་ཟ་སེམས་ཀྱི་ཧམ་གཏམ་དེ་ལྟར་བཤད་ཀྱང་ད་དུང་བོད་མི་ཚོས་མགོ་བོ་དཀྱོག་དཀྱོག་བྱས་ནས་ཉན་ཡོད།

ང་གངས་ཅན་པའི་བུ་རྒྱུད་ཅིག་ཡིན་པའི་ངོས་ནས་འདིའི་ཐད་གནད་དོན་གཉིས་གསལ་པོ་མ་བཟོ་ཀ་མེད་དུ་གྱུར། དང་པོ། རྒྱ་རྒན་ཤཱ་ལ་ངོ་རྒོལ་གྱི་ཐོག་ནས་གསལ་བརྗོད་བྱ་རྒྱུར། འོ་ན་དབུ་འཁྲིད་གང་ཞིག་རྒྱ་ནག་ཏུ་སོང་བ་ཙམ་གྱིས་རྒྱ་ནག་པ་ཆགས་ཀྱི་ཡོད་ན། ཨ་རིའི་སྲིད་འཛིན་རིམ་པ་ཡང་རྒྱ་ནག་ཏུ་བསྐྱོད་ཡོད་པས། ཁྱོད་ཀྱིས་ཨ་རིའི་ད་ལྟའི་སྲིད་འཛིན་ཌོ་ནལ་ཊོམ་ཡང་རྒྱ་ནག་པ་རེད་ལབ་ཀྱི་ཡོད་དམ།

མ་གཞི་ནས་དེ་སྔོན་སྤྱི་ལོ ༡༩༥༤ ལོར་༧གོང་ས་མཆོག་རྒྱ་ནག་ཏུ་གཟིགས་སྐོར་དང་། སྐབས་དེར་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་གྱི་མཚན་གནས་བཞེས་དགོས་བྱུང་བ་ནི། མེ་མདའི་སོ་ཁ་ནས་སྤྱི་ལོ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་འོག་ཏུ་བཞག་བཅུག་རྗེས། སྤྱི་ལོ ༡༩༥༤ ལོར་གོང་ས་མཆོག་རྒྱ་ནག་ཏུ་མ་ཕེབས་ཀ་མེད་འོག་ཕེབས་དགོས་བྱུང་བ་དང་། གནས་བབས་དེའི་འོག་ནས་མི་མང་འཐུས་ཚོགས་ཀྱི་ཚོགས་གཞོན་གྱི་མཚན་གནས་དེ་བཞེས་དགོས་ཐུག་པ་ཞིག་ལས། རང་འདོད་རང་དབང་གིས་བཞེས་པ་ཞིག་གཏན་ནས་མིན་པ་ལོ་རྒྱུས་ཀྱི་བདེན་དཔང་གསལ་པོ་ཡོད་པས། ཁྱོད་ཀྱི་འཁྱོག་བརྗོད་འདིར་ངོས་ལེན་གཏན་ནས་མེད་པའི་རྒོལ་གཏམ་ནན་པོ་སྤེལ་རྒྱུ་ཡིན།

སྤྱིར་བཙན་རྒྱལ་རིང་ལུགས་པས་མི་སེར་སྤེལ་ཡུལ་གྱི་མཐོ་རིམ་མི་སྣར་གོ་གནས་སྤྲོད་པ་ནི། བདག་དབང་ཐ་དད་ཡིན་པའི་བདེན་དོན་ལོ་རྒྱུས་དང་། བཙན་འཛུལ་གྱི་ནག་ཉེས་སྦས་ཐབས་ཙམ་ལས། རྒྱལ་ཁབ་གཅིག་གྱུར་དང་རང་མོས་ཀྱི་ངོ་བོ་མཚོན་ནུས་ཅི་ཡང་མེད། དཔེར་ན། སྔར་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་རྒྱ་གར་བཙན་བཟུང་སྐབས། རྒྱ་གར་རྒྱལ་ཕྲན་ཁག་གི་རྒྱལ་པོ་སོགས། རྒྱ་གར་མཐོ་རིམ་མི་སྣ་དུ་མར་རྫོང་དཔོན་ལས་རོགས་དང་། གྲོས་ཚོགས་འཐུས་མི་སོགས་ཀྱི་གོ་གནས་སྤྲོད་ལེན་བྱས་ཡོད་ཀྱང་། རྒྱ་གར་བ་ནི་ནམ་ཡང་དབྱིན་ཇི་བ་མིན་པ་བཞིན། རྒྱ་ནག་གི་བཙན་འཛུལ་འོག་ནས་བོད་པ་སུ་ཞིག་ལ་གོ་གནས་ཅི་ཞིག་སྤྲོད་ལེན་བྱས་ཀྱང་། དེས་བོད་པ་རྒྱ་ནག་པ་ཡིན་པ་དང་། བོད་རྒྱ་ནག་གི་ཁོངས་གཏོགས་ཡིན་པ་བསྒྲུབ་མི་ཐུབ་པའི་གནས་ལུགས་དེ་ཤེས་དགོས། རྒྱ་རྒན་ཤཱ་མིང་ལ་ཐག་རིང་འཛམ་གླིང་སྤྱི་ཡོངས་མཐོང་ཐུབ་པའི་མཐོང་རྒྱ་མེད་ཀྱང་། མིག་ཤེལ་དྲེགས་པ་ཅན་དེ་འཕྱི་བརྡར་ཡག་པོ་ཞིག་བརྒྱབ་སྟེ། ཐག་ཉེ་སའི་གླིང་ཆེན་ཨེ་ཤ་ཡའི་ཁུལ་གྱི་རྒྱ་གར་ལོ་རྒྱུས་ཙམ་ལ་ཐེངས་གཅིག་ལྟོས་དང་། དེ་ནས་ཁྱོད་རང་ལོ་རྒྱུས་ལ་བལྟ་རྒྱ་ཆུང་བའམ། ཡང་ན་དྲང་བདེན་སྨྲ་བའི་བློ་སྟོབས་མེད་པའི་ཁྱོད་རང་གི་ངོ་ཚ་དེ་ར་སྤྲོད་གསལ་པོ་ཞིག་ཡོང་ངེས་རེད།

གཉིས་པ། གུས་བརྩི་དང་བཅས་ཏེ། བཙན་བྱོལ་བོད་གཞུང་དང་འབྲེལ་ཡོད་ཤ་ཁྲག་གཅིག་པའི་བོད་པ་ཚོར་གསལ་འདེབས་ཞུ་རྒྱུར།

དུས་རབས་ཉེར་གཅིག་པར་སླེབས་ཀྱང་རྒྱ་རྒན་ཚོས་ངེད་ཅག་བོད་མིའི་མགོ་བོར་ད་དུང་ཡང་འདི་ལྟར་ཧམ་བཤད་འཁྱོག་བརྗོད་བྱས་པ་ནི། ཁོ་པ་ཚོས་ངེད་ཅག་བོད་མི་རྣམས་ད་དུང་ཡང་ཀླ་ཀློ་དང་རྗེས་ལུས་སུ་བརྩི་བའི་མཐོང་ཆུང་ཁྱད་གསོད་ཅིག་ཡིན་ཆོག་ཀྱང་། ང་ཚོའི་གཞུང་དང་། ཚོགས་པ་ཁག་གིས་ཁོ་པ་ལྟ་བུར་གདན་ཞུ་འགྲོ་གྲོན་བཏང་ཞིང་། མགོ་བོ་ཅོག་ཅོག་གིས་ཁོ་པའི་འཁྱོག་བཤད་ཀྱི་ཧམ་གཏམ་ཉན་པ་ནི། “མགོ་རུལ་པ་སྣ་བས་མི་ཚོར།” “བུ་གླེན་པའི་ཕ་ཡི་མགོ་བོ་བཅོམ། “ཟེར་བ་ལྟར། ཡབ་མེས་ཀྱི་བདེན་དོན་ལོ་རྒྱུས་དགྲ་བོས་འཁྱོག་བཤད་བྱེད་པ་ལ་ང་ཚོས་གོ་སྒྲིག་མཐུན་འགྱུར་དང་། ཧམ་གཏམ་དང་ལེན་བྱས་པ་ནི། ཅི་འདྲའི་ཞབས་འདྲེན་ཤིག་མ་རེད་དམ།

བོད་དོན་རྒྱབ་སྐྱོར་བའི་ཞལ་འདེབས་དང་། བོད་མིའི་དང་བླང་དཔྱ་དངུལ་དང་། ཞལ་འདེབས་ཕུལ་བ་རྣམས་འདི་ལྟར་དགྲ་བོའི་སྣེ་ལེན་མཐུན་འགྱུར་ལ་བཀོལ་ན་དེ་ནི། “ཕ་བཟང་པོའི་དངུལ་ཁུག་དེ།། བུ་ངན་པས་ཇག་ཁུག་བྱེད།།” ཅེས་པའི་གཏམ་དཔེ་ལྟར། ནང་ཕུ་ནུས་རྔུལ་ནག་གིས་བསག་ནས་ཕུལ་བའི་རྒྱུ་ནོར་དེ་ཕྱི་དགྲ་བོ་མགྲོན་བསུ་ལ་བཀོལ་བ་ནི། ངོ་མ་ཇི་འདྲའི་སྙིང་ན་བ་དང་། ངོ་ཚ་དགོས་པ་ཞིག་མ་རེད་དམ།

མ་གཞི་ནི། བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དང་། བོད་མི་རྣམས་རྒྱ་ནག་པ་རེད་ཟེར་ནས་ཧམ་བཤད་འཁྱོག་བརྗོད་བྱེད་མཁན་དེ་ནི། བོད་ཀྱི་རྩ་དོན་དང་བདེན་དོན་ཏན་ནས་ཁས་མི་ལེན་མཁན་ཞིག་ཡིན་པ་དང་། མདོར་ན་དེ་ནི་རྒྱ་ནག་གཞུང་གི་འཁྱོག་བཤད་དང་ངོ་བོ་གཅིག་པ་གཅིག་རྐྱང་ཡིན་པས། དེ་ལྟར་བོད་ཀྱི་བདེན་དོན་ལོ་རྒྱུས་ངོས་ལེན་མི་བྱེད་པ་མ་ཟད། ལོ་རྒྱུས་འཁྱོགས་བཤད་ཀྱིས་བོད་རྒྱ་ནག་གི་ཆ་ཤས་རེད་ལབ་མཁན་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་དང་དབུ་མའི་ལམ་སོགས་ལ་རྒྱབ་སྐྱོར་ཇི་འདྲ་ཡོད་ཟེར་ཡང་། དོན་དུ་དེ་རིགས་བོད་ཀྱི་བདེན་པའི་དགྲ་བོ་དང་། ལོ་རྒྱུས་ཀྱི་དགྲ་བོ་ཡིན་པས། དེ་དག་བོད་དོན་རྒྱབ་སྐྱོར་བ་ཞིག་ཏུ་ཇི་ལྟར་ངོས་འཛིན་ཐུབ་བམ། ཁས་ལེན་གཏན་ནས་ཐུབ་ཐབས་མེད།

འོ་ན་དབུ་མའི་ལམ་གྱི་རྒྱབ་སྐྱོར་བ་རྣམས་དང་། བོད་དོན་རྒྱབ་སྐྱོར་བ་ཟེར་བ་ལ་ས་མཚམས་དང་ཆ་རྐྱེན་ཅི་ཡང་མི་དགོས་པར། དབུ་མའི་ལམ་གྱི་རྒྱབ་སྐྱོར་བ་ཡིན་ཟེར་བ་དང་། བོད་དོན་རྒྱབ་སྐྱོར་བ་ཡིན་ལབ་རོགས་བྱས་ན། བོད་རྒྱ་ཁོངས་སུ་འགྲེལ་ཀྱང་འགྲིག་གི་ཡོད་དམ། དེ་ལྟར་ན་ངོ་མ་ང་ཚོ་འུ་ཐུག་པ་དང་། ཧ་ཅང་མགོ་སླ་དྲགས་པ་མ་རེེད་དམ།

བོད་དོན་རྒྱབ་སྐྱོར་བ་དང་། དབུ་མའི་ལམ་གྱི་རྒྱབ་སྐྱོར་བ་རྣམས་ཀྱིས་མ་འོངས་བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་མ་བྱེད་ཀྱང་། འདས་པའི་བོད་རང་བཙན་གྱི་བདེན་དོན་ལོ་རྒྱུས་དེ་ཁས་ལེན་མཁན་ཞིག་ནི་ངེས་པར་ཡིན་དགོས་སྙམ། གང་ལགས་ཞེ་ན། བོད་ཀྱི་བདེན་པ་ནི་ལོ་རྒྱུས་ཀྱི་བདེན་པ་དེ་ཡིན་ལ། བོད་ཀྱི་རྩ་དོན་ཡང་བོད་ཀྱི་བདེན་དོན་ལོ་རྒྱུས་ཉག་གཅིག་དེ་ཡིན་པས། བོད་དོན་རྒྱབ་སྐྱོར་བའི་མ་མཐའི་ཆ་རྐྱེན་ནི། བོད་ཀྱི་བདེན་པ་ཁས་ལེན་མཁན་ཞིག་ཡིན་དགོས་ཤིང་། ང་ཚོར་ཡང་དེ་ལྟའི་མ་མཐའི་ཚད་གཞི་ཙམ་ཡང་མེད་ན། བོད་དོན་རྒྱབ་སྐྱོར་བའི་ཞབས་སྟེགས་དེ་འཁྱམ་པོ་སྣེ་ལེན་བྱ་ཡུལ་ཙམ་གྱི་རིན་ཐང་ལས་མེད་པར་འགྱུར་ངེས་ལ། དེ་བས་ཀྱང་དགྲ་བོའི་དགོས་མཁོ་སྒྲུབ་མཁན་གྱི་ལས་སྒྲུབ་སྟེགས་བུར་འགྱུར་སྲིད་པས། གཟབ་གྲུང་དང་རྩ་འཛིན་ཡོད་པའི་འགན་འཁུར་འཁྱེར་ཐུབ་དགོས།

དབུ་མའི་ལམ་ལ་རྒྱབ་སྐྱོར་བ་རྒྱ་རིགས་ཧ་ཅང་མང་པོ་ཡོད་ཟེར་བའི་གྲས་སུ་བོད་རང་བཙན་གྱི་བདེན་པ་ཁས་མི་ལེན་པ་མ་ཟད། བོད་རྒྱ་ཁོངས་ཡིན་པ་ཧམ་བཤད་འཁྱོགས་བརྗོད་བྱེད་མཁན་རྒྱ་མི་ཤྭ་མིང་ལྟ་བུ་བགྲང་གི་ཡོད་ན། གྲངས་འདྲེན་དང་འབོད་ཚིགས་དེ་རིགས་ལ་རིན་ཐང་ཅི་ཡང་མེད་པ་མ་ཟད། དེ་ནི་ངོ་མ་ཡབ་མེས་ཀྱི་ལོ་རྒྱུས་དམར་གསོད་བྱེད་མཁན་གྱི་ལག་དམར་བ་ལ་མགོན་སྐྱབས་འཚོལ་བ་དང་། རང་གིས་རང་ཉིད་ལ་མཐོང་ཆུང་དང་དམའ་འབེབས་བྱེད་པ་ཁོ་ན་རེད།

སྤྱིར་རྒྱ་བོད་འབྲེལ་མཐུད་པ་ཁག་གི་གཙོས། འབྲེལ་ཡོད་ལས་བྱེད་ཚོས་རྒྱུན་ལྡན་ཚོགས་འདུ་དང་། གསོལ་ཚིགས། གོང་ས་མཆོག་མཇལ་འཕྲད་བཅས་ལ་བོས་པའི་རྒྱ་མི་དབུ་མའི་ལམ་གྱི་རྒྱབ་སྐྱོར་བ་ཟེར་བ་དག་ལས་མང་པོ་ཞིག་འདི་འདྲ་རྐྱང་རྐྱང་ཡིན་པའི་དོགས་གཞི་ཆེ་ཞིང་། གལ་སྲིད་དེ་ལྟར་ཡིན་ན། དེ་ནི་བོད་ཀྱི་དབུ་འཁྲིད་དང་བོད་ཀྱི་རྩ་དོན་ལ་འགན་མ་འཁུར་བའི་དབུ་སྐོར་དང་། ནག་ཉེས་ཧ་ཅང་ཆེན་པོ་ཡིན་པས། གང་ཟག་དེ་རིགས་ལ་ཧ་ཅང་དོགས་ཟོན་དང་དཔྱད་ཞིབ་ཀྱིས་མ་འོངས་ལོ་རྒྱུས་ནང་དཀར་ནག་དབྱེ་བཀྲོལ་གྱི་བྱུང་བ་ངེས་པར་འགོད་དགོས།

སྤྱིར་བཙན་བྱོལ་བོད་མིའི་རྒྱ་བོད་གནད་དོན་ཐད་ཀྱི་མིང་ཚིགས་བཀོལ་སྟངས་ལ་མཚོན་ན་ཡང། ཉེ་བའི་ལོ་ངོ་བཅུ་ཕྲག་གཅིག་ལྷག་ནས་བཟུང་མགོ་སླ་རུ་དང་མདོག་སྐྱོ་རུ་སོང་སྟེ། དགྲ་བོ་རྒྱ་ནག་ཟེར་བ་ཇེ་ཉུང་དང་། བོད་རང་དབང་རང་བཙན་ཟེར་བ་ཇེ་ཉུང་། རྒྱ་ནག་གིས་བཙན་འཛུལ་ཟེར་བ་ཇེ་ཉུང་། གུང་ཁྲན་ཏང་ཟེར་བ་ཇེ་མང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་ཀྲུང་གོ་ཟེར་བ་ཇེ་མང་། རྒྱ་ནག་གི་སྲིད་ཇུས་ཟེར་བ་ཇེ་མང་གི་འཁྲིད་སྟོན་འོག རྒྱ་ནག་གིས་བོད་དུ་བཙན་འཛུལ་བྱས་པའི་ངོ་བོ་ཙམ་ཡང་སྟོན་མི་ནུས་ཤིང་། རང་དབང་རང་བཙན་སླར་གསོའི་སེམས་འདུན་ཙམ་ཡང་སྨྲ་མི་ནུས་པ་མ་ཟད། དེ་དག་རྩོད་མཁན་གླེང་བྱེད་མཁན་རྣམས་ལ་ཉེ་བའི་ལོ་ཤས་རིང་། མ་ཉེས་ཁ་གཡོགས་ཀྱིས་ནག་པོ་བཟོ་ཐབས་སྣ་ཚོགས་བྱས་པ་ནི། རྒྱ་ལ་དགོས་ཀྱང་བོད་ལ་མི་འགྲིག་ཅིང་། ལྷག་པར་ལས་འབྲས་དང་། ལོ་རྒྱུས་ལ་འདི་དག་ནམ་ཡང་ལ་དག་ཐབས་མེད་པ་ཤེས་དགོས།

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་བོད་དོན་རྒྱབ་སྐྱོར་བ་ཡིན་ཟེར་བ་ཤཱ་མིང་ལྟ་བུ་ཁག་ཅིག་གིས་བོད་རྒྱ་བར་གྱི་དཀའ་རྙོག་དེ་ཉིད། གུང་ཁྲན་ཏང་གི་སྲིད་ཇུས་མ་འགྲིག་པ་ཙམ་གྱི་ངོ་བོར་ཁ་བསྒྱུར་བྱས་ཏེ། རྒྱ་ནག་གིས་བོད་དུ་བཙན་འཛུལ་བྱས་པ་དང་། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་དོན་དངོས་དེ་སྦས་འགེབས་དང་། ནག་གསུབ་གཏོང་ཐབས་བྱེད་བཞིན་ཡོད་པའི་ངན་ཇུས་ལ་བཙན་བྱོལ་བོད་མིའི་མཐོ་རིམ་མི་སྣ་ཚོས་གདོང་ལེན་ཁ་གཏད་མི་བྱེད་པ་མ་ཟད། དེ་དག་གིས་རྗེས་སུ་འབྲངས་ནས་དེ་དག་ལ་མཐུན་རྐྱེན་སྦྱོར་བ་དང་། དེ་དག་གི་འབོད་ཚིགས་རྗེས་ཟློས་བྱེད་པ་ནི། བྱང་ཨ་ཆེན་ཐང་ལ་མི་ཟད་བརྒྱབས། ལྷོ་རྐོ་རྡུང་རྒས་པོ་ཁྲི་ལ་འཁོད་ཅེས་པའི་གཏམ་དཔེ་ལྟར། ད་ལྟ་བོད་འདི་མི་ཤི་ཁྱི་ལུས་སུ་གྱུར་པའི་རོ་མདོག་ལོས་ཡིན་བསམ་པའི་ཡིད་ཧ་ཅང་སྐྱོ།

ད་ལྟ་འདི་ལྟར་བཙན་བྱོལ་བོད་མི་མང་པོའི་ཁོག་ཏུ་རྒྱ་ནག་གི་སེམས་པ་དང་རྒྱ་ནག་གི་སྲིད་ཇུས་སིམ་འཛུལ་བྱེད་བཞིན་པའི་ཤུགས་རྐྱེན་ཇེ་གསལ་ཡིན་ཡང་། མང་ཚོགས་ཁྲོད་ད་དུང་ཡང་དེ་དག་ལ་དོགས་ཟོན་ཙམ་ཡང་མེད་པ་ནི། དེ་བས་ཀྱང་བོད་དོན་འཐབ་རྩོད་ལ་འགོག་རྐྱེན་འཕར་མ་ཞིག་ལོས་ཡིན།

སྤྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་དུ་ཡོང་བ་རྒྱ་ནག་གིས་བོད་དུ་བཙན་འཛུལ་ལ་ངོས་ལེན་མེད་ནས་དེར་ངོ་རྒོལ་དང་། སོ་སོའི་རྒྱལ་ཁབ་སླར་གསོ་ཆེད་དུ་ཡོང་བ་ཞིག་ལས། རྒྱ་ནག་གི་སྲིད་ཇུས་ཙམ་ལ་ངོས་ལེན་མེད་ནས་ཡོང་བ་མིན་པ་དེ་ང་ཚོས་ད་ལྟ་སྦས་ཐུབ་ཀྱང་། ལོ་རྒྱུས་ཀྱིས་བརྗེད་མི་ཐུབ་ལ། བརྒྱུད་རིམ་དེ་ནས་བོད་ཕྱི་ནང་ཡ་བྲལ་དུ་གྱུར་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་བོད་མི་དུ་མའི་དཀའ་སྡུག་ཇེ་མྱང་དང་། གཅེས་སྲོག་ཤོར་བའི་ལོ་རྒྱུས་ཀྱིས་ང་ཚོས་འགན་འཁུར་ལས་གཡོ་ཟུར་བྱས་པའི་ནག་ཉེས་ཐར་པ་གཏང་མི་སྲིད་ཅིང་། ངས་འདིར་གླེང་བ་ཡང་། གནད་དོན་འདི་ཉིད་ལོ་རྒྱུས་ཀྱི་ཟིན་ཐོ་རུ་བཀོད་པ་ཡིན།

མདོར་ན། བོད་རྒྱ་བར་གྱི་འཐབ་རྩོད་དེ་དམར་ཤོག་དང་དམངས་གཙོ་བར་གྱི་ཆབ་སྲིད་ལམ་ལུགས་ཀྱི་རྩོད་རྙོག་ཅིག་མིན་ལ། གུང་ཁྲན་ཏང་སྟེ་ཆབ་སྲིད་ཚོགས་པ་ཅིག་ལ་མ་འགྲིག་པ་མིན་ཅིང་། དེ་བཞིན་སྲིད་ཇུས་དང་ཁེ་ཕན་ཉི་ཚེ་བ་ཙམ་གྱི་རྩོད་གླེང་ཡང་མིན་པར། དེ་ནི་ལོ་རྒྱུས་ཀྱི་བདག་དབང་དང་བཙན་འཛུལ་གྱི་རྩོད་རྙོག་ཅིག་ཡིན་པས། གལ་སྲིད་ང་ཚོས་གུང་ཁྲན་ཏང་མ་འགྲིག་པ་དང་། རྒྱ་ནག་གིས་སྲིད་ཇུས་ལེགས་སུ་གཏང་མིན་ཙམ་ལ་ཁ་བཏག་ནས་བོད་རྒྱ་ཁོངས་སུ་བསྡད་རྒྱུར་འབད་པ་ནི། དོན་དུ་རྒྱ་ནག་གིས་ཁྲིམས་འགལ་དང་བཙན་འཛུལ་གྱི་གནད་དོན་དེ་ང་ཚོས་ཁྲིམས་མཐུན་དང་འོས་བབས་ཅན་དུ་བཟོས་པ་ཡིན།

རྒྱ་ནག་གི་སྲིད་ཇུས་ཙམ་ཞིག་མ་འགྲིག་པ་མ་གཏོགས། རྒྱ་ནག་གིས་བོད་དབང་སྒྱུར་བྱེད་པ་ངོས་ལེན་གྱིས་རྒྱ་བོད་མཉམ་གནས་ཐུབ་ཀྱི་ཡོད་ན། སྤྱི་ལོ ༡༩༥༩ ལོར་བཙན་བྱོལ་དུ་ཡོང་ནས་ད་བར་དེ་ལྟར་མི་ལོ་དྲུག་ཅུ་ལྷག་གི་དཀའ་སྡུག་དང་བློས་གཏོང་དེ་དག་ཅིའི་ཕྱིར་དུ་མྱང་བ་རེད་དམ།

དེ་འདྲའི་དུས་ཡུན་རིང་པོར་བློས་གཏོང་དང་འབད་པ་བྱས་ནས་མཐར་སྲིད་ཇུས་འགྲིག་མིན་ཙམ་ལ་ཁ་བཏགས་ནས། དགྲ་བོ་ལ་ངོ་སྲུང་བསྟུན་མཁས་བྱེད་དེ། འཐབ་རྩོད་དང་ལོ་རྒྱུས་ཡོད་ཚད་འདི་ལྟར་བསྐྱུར་ཏེ། རྒྱ་ནག་གི་ཁྲིམས་འོག་ཏུ་ཕར་འཛུལ་བཞག་ན། ཁ་ཡིས་ཕམ་ཁ་ཁས་མ་བླངས་ཀྱང་། དོན་དུ་མགོ་བོ་སྒུར་བའི་ཕམ་ཁ་རང་གིས་ཉོས་པ་མ་ཡིན་ནམ།

ཁ་ཞེ་གཉིས་མེད་ཀྱིས་བོད་རང་བཙན་ལ་ཡིད་ཆེས་དང་འབད་པ་བྱེད་མཁན་ཞིག་གི་ངོས་ནས་དབུ་མའི་ལམ་ལ་ཁས་ལེན་ཞུ་མི་ཐུབ་ཀྱང་། དེ་ཉིད་བོད་ཀྱི་དོན་དུ་འཛིན་པའི་ལས་དོན་ཞིག་ལ་ངོས་འཛིན་གུས་བཀུར་ཡོད་མཁན་ཞིག་དང་། ལྷག་པར་བཙན་བྱོལ་བོད་གཞུང་དེ་ང་ཚོ་ཐུན་མོང་གི་བླ་ན་མེད་པའི་སྲིད་གཞུང་གཅིག་པུ་དེ་ཡིན་པའི་གཅེས་ཞེན་གཞུང་བཀུར་ངོ་ལྐོགས་མེད་པ་ཞིག་ཡིན་པས། དེ་རིང་ཡང་ངོ་ལྐོགས་མེད་པར། མི་ངོ་མ་དང་མིང་ངོ་མའི་ཐོག་ནས་རྩ་དོན་ལ་གནད་འགག་ཆེ་བའི་དྲི་བ་འདི་དག་དངངས་ཚབས་དང་། བློ་ཕམ་གྱི་ཞེན་སྐུལ་དུ་བོད་རྒྱ་ཆེའི་མང་ཚོགས་དང་། རང་གི་རྡ་སའི་སྲིད་གཞུང་ལ་དྲྭ་ལམ་བརྒྱུད་ནས་འབུལ་གྱི་ཡོད།

རྒྱལ་གཅེས་དྲང་ཚུགས་ཀྱི་སེམས་གཏམ་ལ་སྔར་ལྟར་ད་དུང་ཡང་ངའི་མགོ་བོར་མ་ཉེས་ཁ་གཡོགས་དང་། ཁ་རྡུང་ཅི་ཞིག་གཏང་རུང་། འགྱོད་སེམས་དང་བསྡོམས་སེམས་མེད་ཅིང་། དེ་བས་བདག་གི་རྒྱལ་ཞེན་གྱི་སྨྲ་བ་ནམ་ཡང་འགོག་མི་ཐུབ་པའི་གསལ་བརྗོད་བཅས། ནིའུ་ཡོག་ནས་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས་སྤྱི་ལོ ༢༠༡༧། ༡༠།༡༥ཉིན་བྲིས་ཤིང་། དེང་སྐབས་དྲྭ་ལམ་ཁག་ནས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་ཙམ་ཡང་མི་རུང་བ་སོགས། མགོ་འདོགས་བསྟུན་མཁན་གྱི་མཐོ་རླབས་འཕྱུར་བཞིན་པར་བརྟེན། བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་དབུ་འཛུགས་ཉེ་བའི་མཚམས་འདིར་དགོས་པའི་དབང་གིས་སྤྱི་ལོ ༢༠༡༨།༩།༡༧ ཉིན་དངོས་སུ་སྤེལ་བའོ།། །།

 

Share this:
༩༩ ཀློག་གྲངས།