སྐབས་༡༦ པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་༦ པ་དབུ་འཛུགས།

ད་ཐེངས་ཀྱི་གྲོས་ཚོགས་ཚོགས་དུས་འདི་ནི་ཕྱི་ལོ་༢༠༡༧ དང་༢༠༡༨ ལོའི་ལས་བསྡོམས་ཀྱི་ཐོག་ཡིན་པ་དང་། དེ་བཞིན་འོས་བསྡུའི་བསྐྱར་བཅོས་བྱེད་མིན་གྱི་བགྲོ་གླེང་གི་ལས་རིམ་དང་། ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཅིག་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༡༨ ཉིན་དྷ་ས་གངས་སྐྱིད་གྲོས་ཚོགས་ཁང་དུ། སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༦ པ་འགོ་འཛུགས་བྱས་ཡོད་པ་དང་། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཚོགས་འདུ་དབུ་འབྱེད་ཀྱི་གཏམ་བཤད་གནང་སྐབས་“རྩ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་གསུམ་པའི་སྒྲིག་འཛུགས་ཀྱི་རྩ་བའི་བྱེད་སྒོ་དང་ལམ་སྟོན་ནང་གསལ་བ་བཞིན། བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་བདེ་ཐབས། བོད་མིའི་སྒྲིག་འཛུགས་ཀྱི་སྒྲུབ་བྱ་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐབས་ཇུས་ཡང་དག་ལ་འབད་བརྩོན་བྱ་རྒྱུ།  བོད་མཐོ་སྒང་གི་ས་བབ་ཀྱི་ཐོག་ནས་བོད་ཀྱི་འཁོར་ཡུག་དེ་འཛམ་གླིང་སྤྱི་དང་། ལྷག་པར་གླིང་ཆེན་ཨེ་ཤི་ཡའི་ནང་ལོགས་ཀྱི་རྒྱལ་ཁབ་དང་ཡུལ་མི་མང་དག་གཅིག་ལ་གལ་འགངས་ཤིན་ཏུ་ཆེ་བ། དེའི་ཐོག་ཏུ་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཐོག་ནས་ལས་འགུལ་ཇེ་མང་སྤེལ་ཐབས་བྱ་རྒྱུ་དང་། དེ་བཞིན་གནས་སྐབས་སུ་ཡང་གཞིས་ལུས་བོད་མི་རྣམས་དཀའ་ངལ་ལས་སྐྱོབ་ཐབས་བྱ་རྒྱུ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དྲང་བདེན་དང་། འདྲ་མཉམ། དཔལ་འབྱོར་གྱི་ཐོན་སྐྱེད་སྤྱིར་སྨན་ཡོང་བའི་འགྲོ་ལུགས་བཅས་ཀྱིས་སྤྱི་ཚོགས་ཡང་དག་སྐྱོང་དགོས་པ་དང་། གཞོན་སྐྱེས་རྣམས་ལ་ཤེས་ཡོན་དང་། གནའ་བོའི་རིག་གཞུང་བཟང་པོའི་གོམས་གཤིས་འཇགས་རྒྱུའི་གོ་སྐབས་ཚད་ལྡན་སྤྲད་ཐུབ་དགོས་པ། ལུས་སེམས་བདེ་ཐང་དང་འཚར་ལོང་ཡོང་ཐབས་ཀྱི་ཐོག་ལ་མཐུན་འགྱུར་སྒྲུབ་ཐབས་བྱ་རྒྱུ་དེ་ཚོ་ཁ་གསལ་པོ་བྱས་ནས་བཀོད་ཡོད་རེད། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་གང་བརྩམས་པ་ཡིན་ན་ཡང་། གོང་གསལ་གྱི་དོན་གནད་རྣམས་དང་འབྲེལ་བ་ཡོད་པ་ཞིག་དང་། དམིགས་བསལ་གྱིས་ལས་དོན་དེ་ཚོའི་ཐོག་ལ་ནུས་པ་འབུར་དུ་ཐོན་པ་གནང་ཐུབ་དགོས་པ་དེ་ང་ཚོའི་ལས་འགན་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད་རེད་”ཅེས་གསུངས་སོང་།

དེ་བཞིན་ཁོང་གིས་མུ་མཐུད་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་ནས་གསུང་དོན་དུ་“ང་ཚོ་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཟེར་ན་རེད། གྲོས་ཚོགས་ཀྱི་འགྲོ་ལུགས་ནང་ལ་ཆབ་སྲིད་ཚོགས་པ་མེད་པའི་གྲོས་ཚོགས་འགྲོ་ལུགས་ཤིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་དེའི་ཐོག་ནས་སྒྲུབ་ཕྱོགས་ཀྱི་ལས་འགན་གལ་ཆེ་བ་གཉིས་ངེས་དགོས་པ་ཞིག་ཆགས་ཀྱི་ཡོད་རེད། གཅིག་དེ་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ལ་རྣམ་དཔྱོད་དང་ལྡན་པའི་ཐོག་ནས་རྒྱབ་སྐྱོར་ཞུ་ཐུབ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཐོག་ལ་བྱ་ར་སྟངས་འཛིན་དང་། དྲི་བ་ཞུ་ཐུབ་པ། འཛིན་སྐྱོང་གི་ཐོག་ནས་ཀྱང་འགན་འཁུར་ལན་འདེབས་དང་། རྩིས་རྒྱག་ཞུ་དགོས་པ་བཅས་དེ་ང་ཚོའི་འགྲོ་སྟངས་དམིགས་བསལ་བ་ཞིག་ཆགས་ཡོད་རེད། དེ་འདྲའི་ཐོག་ལ་གྲོས་ཚོགས་ཀྱི་ཚོགས་མི་ཚང་མའི་ངོས་ནས་གྲོས་ཚོགས་ཀྱི་རྣམ་དཔྱོད་དང་ནུས་པ་འབུར་དུ་ཐོན་ཐུབ་ཡ་དེ་གནང་དགོས་པ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད་”ཅེས་དང་། དེ་བཞིན་ཁོང་གིས་༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་ནས་“སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་ཐུགས་བསྐྱེད། འཛམ་གླིང་གོ་ལ་ཧྲིལ་པོར་ཁྱབ་ཡོད་པ་མ་ཟད། ཤེས་ལྡན་གྱི་སྐྱེ་བོ་འབུམ་ཕྲག་མང་པོ་རྗེས་སུ་འཇུག་པ་དང་། ཁོང་གི་མཛད་པ་འཕྲིན་ལས་ལ་ཡིད་སྨོན་ཤོར་བ། ལྷག་པར་དུ་ང་ཚོ་བོད་དང་། བོད་མི་རིགས། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གི་ཐོག་ལ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱི་ཐོག་ནས་དམིགས་བསལ་གྱིས་གཟིགས་སྐྱོང་དང་། མཛད་འཕྲིན་སྐྱོང་དང་སྐྱོང་བཞིན་པ་ཆགས་ཡོད་རེད། དེ་ཚོ་དེ་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བསོད་ནམས་ཤིག་དང་། ཁོང་གི་བླ་ན་མེད་པའི་བཀའ་དྲིན་དེ་དུས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ལ་ངོས་འཛིན་ཞུ་དགོས་པ་གཅིག་དང་། དེ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རེ་ག་རེ་གནང་བ་ཡིན་ན་ཡང་གཙོ་བོ་བོད་མིའི་སྒྲིག་འཛུགས་དང་། བོད་མི་མང་ཚོགས་ཀྱི་ཐོག་ནས་ལྷག་བསམ་རྣམ་དག་གིས་འགན་འཁུར་བཞེས་པའི་ཐོག་ནས་ཁོང་གི་དགོངས་བཞེད་རྣམས་བསྒྲུབ་ཐུབ་པ་ཞུ་དགོས་རྒྱུ་དེ་ང་ཚོའི་ལས་འགན་གལ་ཆེ་བ་ཞིག་ཆགས་ཀྱི་འདུག”ཅེས་དང་། བཞུགས་མོལ་གྱི་ལས་དོན་ག་རེ་ཡིན་ཡང་ཚང་མས་འཕྱར་གྲུ་མཉམ་འདེགས་དང་ནུས་པ་མཉམ་སྤུངས་ཡོང་ཐབས་སུ་གྲོས་ཚོགས་ཀྱི་སྡིངས་ཆའི་ཐོག་ནས་ནུས་པ་མཉམ་སྤུངས་ཐུབ་རྒྱུའི་ཐོག་ནུས་པ་དམིགས་བསལ་སྟོན་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་སོང་།

ཡང་ཁོང་གིས་བོད་ནང་ཛ་དྲག་གནས་སྟངས་ཀྱི་སྐོར་ལ་གསུང་དོན་དུ་“སྤྱི་ཡོངས་ཀྱི་ཐོག་ནས་མདོར་བསྡུས་ནས་ཞུས་པ་ཡིན་ན། རྒྱ་ནག་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་ཟེར་ན་མི་འདུག འགྲོ་སྟངས་དེ་གཙོ་བོ་རྒྱ་ནག་གཞུང་གིས་བོད་ནང་ལོགས་ལ་འཛུགས་སྐྲུན་གྱི་ལས་གཞི་མང་པོ་བཏིང་ཡ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་ལ་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་སྤེལ་བ་དེ་གཉིས་ཀྱི་ཐོག་ནས་བོད་དང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་གཞི་འཛིན་ས་མེད་པ་བཟོ་བཞིན་པའི་གནས་སྟངས་ཆགས་ཀྱི་འདུག ཡིན་ཡང་། བོད་ནང་གི་བོད་མི་རྣམས་ཀྱི་ལྷག་བསམ་དང་། སྙིང་སྟོབས། སེམས་ཤུགས་བཅས་ཞུམ་པ་མེད་པའི་ཐོག་ནས་ཕྱོགས་གཅིག་ནས་སོ་སོའི་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་། ཐུན་མིན་གོམས་གཤིས་དེ་ཚོར་དམ་འཛིན་དང་། མི་ཉམས་གོང་འཕེལ་ཞུ་ཡ། ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ཐོག་ལ་སྲིད་ཇུས་འཛིན་བཞིན་པ་དེ་ཚོར་འདོད་པ་མེད་པའི་རྣམ་འགྱུར་གྱི་ཐོག་ནས་ཕྱི་ལོ་༡༩༨༦ གཡས་གཡོན་ནས་བཟུང་སྟེ། ཕྱི་ལོ་༢༠༠༨ རེད། ལྷག་པར་དུ་ཕྱི་ལོ་༢༠༠༩ ནས་ད་ལྟ་ཕྱི་ལོ་༢༠༡༨ ལོའི་ཕྱི་ཟླ་༣ ཚེས་༡༧ བར་དུ་ང་ཚོར་དངོས་སུ་ཤེས་རྟོགས་ར་སྤྲོད་བྱུང་བ་བོད་མི་གྲངས་༡༥༢ ཀྱིས་རང་ལུས་མེར་སྲེག་བཏང་བ་བྱུང་ཡོད་རེད། དེ་ལ་རྒྱ་ནག་གཞུང་གིས་ཁོང་རྣམ་པའི་མངོན་འདོད་གཞིར་བཟུང་ཞིབ་འཇུག་དང་ཚུལ་ལྡན་གྱི་ལན་དེ་མཐུན་ད་ལྟ་བར་དུ་སྤྲད་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ཁོང་རྣམ་པའི་བློས་བཏང་དེ་ཚོར་གཞི་མེད་སྒྲོ་བསྐུར་དང་། ཁག་དཀྲི་བྱས་ནས་བོད་ནང་གི་བོད་མི་དང་རྒྱ་ནག་ནང་གི་རྒྱ་མི། གཞན་རྒྱལ་སྤྱིའི་གནས་བབ་ཀྱི་ཐོག་ལ་དེའི་ཁ་ཕྱོགས་བསྒྱུར་རྒྱུར་འབད་བརྩོན་བྱེད་བཞིན་པ་གསལ་པོ་རེད།”ཅེས་བརྗོད་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆབ་སྲིད་བཙོན་པའི་གནས་སྟངས། སྐད་ཡིག་གི་གནས་སྟངས་བཅས་ཉིན་རེ་ནས་ཉིན་རེར་སྐྱོ་རུ་སོང་ནས་སེམས་འཚབ་ཆེ་རུ་འགྲོ་དགོས་པའི་གནས་སྟངས་ཆགས་ཡོད་སྐོར་དང་།  ད་ཐེངས་ཀྱི་གྲོས་ཚོགས་ཚོགས་དུས་འདི་ནི་ཕྱི་ལོ་༢༠༡༧་དང་༢༠༡༨ ལོའི་ལས་བསྡོམས་ཀྱི་ཐོག་ཡིན་པ། འབྲེལ་ཡོད་བཀའ་བློན་ཚོའི་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས་དོགས་འདྲི་བྱེད་རྒྱུ་དང་། དེར་འཛིན་སྐྱོང་གིས་ལན་འདེབས་བྱ་རྒྱུ། གྲོས་ཚོགས་ནང་བསམ་ཚུལ་མ་མཐུན་པ་ཡོང་ཆོག་ཀྱང་མཚམས་རེར་སྒེར་སོ་སོའི་ཚོར་བའི་ཐོག་ནས་རྣམ་འགྱུར་སྟོན་པ་དང་། སྡིགས་ར་བསྐུལ་བ་སོགས་ཡོང་གི་ཡོད་པར་ཚང་མས་གཟབ་དགོས་པ། གྲོས་ཚོགས་ནང་གང་བཤད་པ་རྣམས་སྲང་ལམ་བར་གྱི་སྐད་ཆ་ལས་བརྒལ་ཐུབ་པ་ཡོང་དགོས་གལ། གྲོས་ཚོགས་ལ་བོད་ནང་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། བོད་མི་མང་གི་ངོ་ཚབ་མཚོན་ཐུབ་མཁན་དེ་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ཡིན་དུས་སྤྱི་འཐུས་ཚང་མས་བགྲོ་གླེང་བྱེད་དུས་དང་དགོངས་ཚུལ་བཏོན་དུས་མང་ཚོགས་ཀྱི་ཚབ་མཚོན་ཐུབ་པ་བྱ་གལ་ཆེ་སྐོར་བཅས་གསུངས་སོང་།

གཞན་ཡང་གྲོས་ཚོགས་ཚོགས་དུས་འདིའི་ཐོག་འོས་བསྡུའི་བསྐྱར་བཅོས་བྱེད་མིན་གྱི་བགྲོ་གླེང་གི་ལས་རིམ་དང་། ཁྲིམས་ཞིབ་པ་གསར་པ་བསྐོ་བཞག་བྱ་རྒྱུ་ཡིན་པ་མ་ཟད། ད་ལྟའི་ཆར་གཞུང་འབྲེལ་མྱ་ངན་གུས་འདུད་དང་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་འགྲོ་མུས་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༨༧༩ ཀློག་གྲངས།