ལྷོ་བྱང་ཀོ་རི་ཡ་གཉིས་བར་གྲོས་མཐུན་དོན་ཚན་མང་པོ་བཞག་འདུག

ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འགོ་ཁྲིད་ཚོས་གྲོས་མཐུན་ཡིག་ཆ་ཞིག་ལ་མིང་རྟགས་བཀོད་ནས། ལྷོ་བྱང་གཉིས་བར་སྔར་ལས་ལྷག་པར་འབྲེལ་ལམ་ཡག་ཏུ་གཏོང་རྒྱུ་དང་། བྱང་ཀོ་རི་ཡས་རྡུལ་མཚོན་རྩ་མེད་བཟོ་བའི་ལམ་དུ་མདུན་བསྐྱོད་མུ་མཐུད་བྱེད་རྒྱུའི་ཁས་ལེན་བྱས་ཡོད་འདུག

ཟླ་༩ པའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལྷོ་ཀོ་རི་ཡའི་སྲིད་འཛིན་མཱོན་ཇེ་ཨན་ཟླ་༩ པའི་ཚེས་༡༨ ཉིན་བྱང་ཀོ་རི་ཡའི་རྒྱལ་ས་པཱེ་ཡོང་གྷོན་ལ་ཉིན་གསུམ་རིང་གི་སྐོར་བསྐྱོད་དུ་སླེབས་ཡོད་པ་དང་། ཉིན་གཉིས་པའི་སྐབས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་དང་མཉམ་དུ་གྲོས་མཐུན་གྱི་ཡིག་ཆར་མིང་རྟགས་བཀོད་ནས། གསར་འགོད་པ་ཚོར་བསྒྲགས་གཏམ་སྤེལ་ཡོད་འདུག ལོ་འདིའི་ནང་ཕྱོགས་གཉིས་བར་ཐེངས་གསུམ་ཐུག་འཕྲད་བྱས་ཡོད་པ་དང་།  སྲིད་འཛིན་མཱོན་ཇེ་ཨན་བྱང་ཀོ་རི་ཡར་སླེབས་པ་དེ་ནི་ལོ་བཅུ་ཕྲག་ཁ་ཤས་ནང་ལྷོ་ཀོ་རི་ཡའི་སྲིད་འཛིན་ཞིག་བྱང་ཀོ་རི་ཡར་སླེབས་པ་ཐེངས་དང་པོ་ཡིན་ཁར། ཁོང་གཉིས་ཀྱིས་མ་འོངས་པར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་ལྷོ་ཀོ་རི་ཡའི་རྒྱལ་ས་སཱོལ་ལ་ཡོང་རྒྱུ་ཡིན་སྐོར་བརྗོད་འདུག་པས། གལ་ཏེ་འཆར་གཞི་དེ་དངོས་སུ་ལག་བསྟར་ཐུབ་ཚེ། ཀེམ་ཇོང་ཨན་ནི་བྱང་ཀོ་རི་ཡའི་འགོ་ཁྲིད་ཅིག་ལྷོ་ཀོ་རི་ཡར་སླེབས་མཁན་དང་པོ་དེ་ཆགས་རྒྱུ་ཡིན་པ་རེད།

ཐེངས་འདིར་གྲོས་མཐུན་ལ་མིང་རྟགས་བཀོད་རྗེས། འགོ་ཁྲིད་གཉིས་ཀྱིས་བརྗོད་དོན། བྱང་ཀོ་རི་ཡས་རྡུལ་མཚོན་རྩ་མེད་བཟོ་རྒྱུའི་ལམ་དུ་མདུན་བསྐྱོད་བྱེད་རྒྱུ་དང་། བྱང་ཀོ་རི་ཡའི་རྡུལ་མཚོན་བཟོ་སྐྲུན་དང་ཚོད་ལྟ་བྱེད་ཡུལ་ས་ཚིགས་ཤིག འབྲེལ་ཡོད་རྒྱལ་ཁབ་ཁག་གི་ཆེད་ལས་པའི་མདུན་དུ་གཏན་དུ་སྒོ་རྒྱག་རྒྱུ། དེ་བཞིན་ས་ཚིགས་གཞན་ཞིག་ཨ་རིའི་ཕྱོགས་ནས་བཟང་ཕྱོགས་ཀྱི་རྣམ་པ་བསྟན་ཚེ་གཏན་དུ་སྒོ་རྒྱག་རྒྱུ་ཡིན་སྐོར་བརྗོད་འདུག

དེ་བཞིན་ཕྱོགས་གཉིས་བར་མེ་འཁོར་འགྲུལ་ལམ་བཟོ་སྐྲུན་བྱས་ཏེ། ཀོ་རི་ཡའི་དམག་འཁྲུག་སྐབས་ཁ་བྲལ་བའི་ནང་མི་ཕན་ཚུན་ཐུག་འཕྲད་བྱེད་འཇུག་རྒྱུ་དང་། སྨན་བཅོས་ལྟ་སྐྱོང་ལ་མཉམ་ལས་བྱེད་རྒྱུ། དེ་བཞིན་ཕྱི་ལོ་༢༠༣༢ ལོའི་ཨོ་རྩལ་འགྲན་ཚོགས་དེ་ཕྱོགས་གཉིས་ཀྱིས་མཉམ་དུ་གོ་སྒྲིག་ཡོང་ཐབས་བྱ་རྒྱུ་སོགས་ཀྱི་གྲོས་མཐུན་བྱུང་ཡོད་ཁར། ཕྱོགས་གཉིས་ཀྱི་བདེ་སྲུང་བློན་ཆེན་བར་དམག་གི་འཇིག་ཉེན་ཆུང་དུ་གཏོང་རྒྱུའི་གྲོས་མཐུན་ཡང་བཞག་ཡོད་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་སྤྱི་ཚོགས་བརྒྱུད་ལམ་ཊུ་ཊུར་ཐོག་ཏུ། ལྷོ་བྱང་ཀོ་རི་གཉིས་ཀྱི་གྲོས་མཐུན་ལ་དགའ་བསུ་ཞུས་ཡོད་འདུག

བྱང་ཀོ་རི་ཡས་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་འགོ་ཁྲིད་དང་ཐུག་འཕྲད་བྱས་ཏེ། རྡུལ་མཚོན་རྩ་མེད་བཟོ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། རྡུལ་མཚོན་རྩ་མེད་བཟོ་རྒྱུའི་ལས་རིམ་གྱི་དུས་བཀག་དང་བྱེད་སྟངས་སོགས་ཀྱི་ཐད་ལ་གྲོས་མོལ་བྱུང་ཡོད་མེད་སྐོར་ཕྱིར་བསྒྲགས་གང་ཡང་བྱས་མེད་ཁར། དཔྱད་བརྗོད་པ་མང་པོ་ཞིག་གིས་བྱང་ཀོ་རི་ཡས་ལོ་མང་པོའི་རིང་རྒྱལ་སྤྱིའི་དཔལ་འབྱོར་ཉེས་ཆད་སོགས་ཀྱི་གནོན་ཤུགས་འོག་ཏུ་མ་སོང་བར། རྡུལ་མཚོན་ལས་གཞི་ལ་མུ་མཐུད་འབད་བརྩོན་བྱས་ཏེ། ད་ལྟའི་ཆར་ཨ་རི་ལ་སྙོབ་ཐུབ་པའི་ནུས་པ་ཡོད་པས། རྡུལ་མཚོན་རྩ་མེད་བཟོ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་མཁན་ཡང་འདུག གང་ལྟར་རྒྱལ་སྤྱིའི་ནང་རྒྱལ་ཁབ་གཅིག་ལ་རྡུལ་མཚོན་ཡོད་ཚེ། དེ་ནི་མ་འོངས་པར་རྒྱལ་ཁབ་གཞན་གྱིས་དམག་མི་རྒྱག་པའི་སྔོན་འགོག་གི་ལག་ཆ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༡༦༡ ཀློག་གྲངས།