དྲུང་འཕར་ཀརྨ་དགྲ་འདུལ་ཁྲིམས་ཞིབ་པར་འདེམས་ཐོན།

ཟླ་འདིའི་ཕྱི་ཚེས་༡༩ ཉིན་དྷ་ས་གངས་སྐྱིད་དུ་འཚོགས་པའི་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༦ པའི་ཉིན་གཉིས་པའི་སྔ་དྲོ། གྲོས་ཚོགས་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཅིག་འོས་འདེམས་བྱས་པ་དང་། འོས་མི་འདེམས་སྒྲིག་ཚོགས་ཆུང་གིས། ནང་སྲིད་དྲུང་འཕར་ཚེ་དབང་སྒྲོལ་མ་དང་། ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་གཉིས་འོས་མིར་བཏོན་ཡོད་པ་རེད།

ཉིན་དེའི་གྲོས་ཚོགས་ནང་སྤྱི་འཐུས་༤༣ མཉམ་ཞུགས་བྱས་ཡོད་པ་དང་། སྤྱི་འཐུས་གཅིག་གིས་འོས་ཤོག་སྟོང་པར་བཞག་པར་བརྟེན། འོས་གྲངས་༢༡ དང་༢༡ ཆགས་ནས་འོས་འདེམས་བྱེད་ཐུབ་མེད་པ་རེད།

བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་བསྐྱར་དུ་འོས་བསྡུ་བྱས་པ་དང་། ཀརྨ་དགྲ་འདུལ་ལ་འོས་གྲངས་༢༡ དང་ཚེ་དབང་སྒྲོལ་མར་འོས་གྲངས་༡༩། སྤྱི་འཐུས་གཅིག་གིས་འོས་ཤོག་སྟོང་པར་བཞག་ཡོད་པ་དང་། སྤྱི་འཐུས་གཉིས་ཀྱིས་འོས་མིའི་མིང་གསལ་པོ་བྲིས་མེད་པར་བརྟེན། ཚོགས་གཙོས་བར་བཞུགས་གསུམ་དུ་ངོས་འཛིན་བྱས་ཏེ། ཀརྨ་དགྲ་འདུལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པར་འདེམས་ཐོན་བྱུང་བ་གསལ་བསྒྲགས་བྱས་ཡོད་པ་རེད།

དྲུང་འཕར་ཀརྨ་དགྲ་འདུལ་ནི། ཕྱི་ལོ་༡༩༥༨ ཟླ་༧ ཚེས་༡ ཉིན་ཕ་ཡུལ་དུ་སྐྱེས་ཤིང་བོད་དུ་དུས་ལོག་དབང་གི་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་རྗེས། སློབ་སྦྱོང་རིམ་པ་བྱས་མཐར་གཞུང་གི་སྲི་ཞུ་བའི་ལས་འགན་འདྲ་མིན་ཐོག་ལས་ཀ་བྱས། ཕྱི་ལོ་ ༢༠༠༡ ལོར་གནས་འཕར་གྱི་བདེ་སླར་ས་གནས་ཀྱི་གཞིས་འགོར་བསྐོ་བཞག་དང་། ཕྱི་ལོ་ ༢༠༠༧ ལོར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་སྤྱི་ཁྱབ་འགན་འཛིན་(CEO) ཐོག་ཞབས་གཡར་ལོ་གཉིས་དང་ཕྱེད་ཀར་ལས་ཀ་བྱས།

ཕྱི་ལོ་༢༠༠༩ ལོར་དབུས་ཀྱི་གཞིས་ཆགས་མན་སྤར་ཕན་བདེ་གླིང་དུ་ས་གནས་འགོ་འཛིན་ལ་བསྐོ་བཞག་དང་། ཕྱི་ལོ་༢༠༡༡ ལོར་མན་སྤར་ནས་གནས་འཕར་ཐོག་འབྲས་ལྗོངས་སྒང་ཏོག་ས་གནས་འགོ་འཛིན་ལ་བསྐོ་བཞག ཕྱི་ལོ་༢༠༡༣ ལོར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་དུ་བསྐོ་བཞག་དང་། ཕྱི་ལོ་༢༠༡༦ ལོར་གནས་འཕར་གྱི་ལྷོ་གཞིས་ཁག་གི་སྤྱི་ཁྱབ་སྦེང་ལོར་ལྷོ་སྤྱིར་བསྐོ་བཞག་བྱས། ཕྱི་ལོ་༢༠༡༧ ལོར་དྷ་ས་ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་ལས་འགན་བཞེས།

གསར་འགོད་པ་ཆོས་ཉིད་འོད་ཟེད།

Share this:
༤༥༥ ཀློག་གྲངས།