ཁ་རྗེའི་ཚོད་ཀྱི་ཁ་ཕོར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༡༧  ཕྱི་ལོ་ ༢༠༡༨/༩ /༡༩

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་གཅིག་ཁྲིམས་བཟོ་རྒྱུ་དེ་ཡིན་པ་དང་། ཉེ་བའི་ལོ་ཤས་ནས་བཟུང་ཁྲིམས་སྒྲིག་བསྐྱར་བཅོས་ཐད་ནས་བགྲོ་གླེང་མང་ཤོས་འོས་བསྡུའི་སྒྲིག་གཞིའི་ཐོག་འགྲོ་བཞིན་ཡོད་པ་རེད། དོན་དངོས་སུ་སྲིད་སྐྱོང་དང་། སྤྱི་འཐུས་རྣམས་འོས་བསྡུའི་སྐབས་སུ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་མི་དགོས་པར་ཐད་ཀར་འོས་བསྡུ་ལན་གཅིག་གི་ཐོག་ནས་ཐག་གཅོད་དགོས་ཚུལ་བརྗོད་མཁན་དང་། སྔོན་འགྲོ་དང་དངོས་གཞི་གཉིས་ཀ་མེད་ན་མི་མང་གིས་འགན་ཚད་ལྡན་མི་ཁུར་བས་མ་འོངས་པར་ཆོ་ག་ཕྱག་ལེན་ཙམ་དུ་འགྱུར་ངེས་ཚུལ་བརྗོད་བཞིན་ཡོད་པ་རེད། སྤྱིར་གནད་དོན་འདི་ནི་གླེང་དགོས་པ་ཞིག་དང་། ག་ཚད་གླེང་མཁན་མང་བ་བྱུང་བ་དེའི་ཚོད་ཀྱིས་གོ་རྟོགས་གསར་པ་དང་། ཐབས་ལམ་གསར་པ་རྙེད་ཐུབ་པའི་རེ་བ་རྒྱག་ཆོག་ཀྱང་། ད་ལྟའི་བགྲོ་གླེང་གི་ཁ་ཕྱོགས་ལ་བལྟས་ན་བཙན་བྱོལ་པའི་སྤྱི་ཚོགས་ཀྱི་ཤོག་ཁག་ལྟ་བུའི་འཐེན་འཁྱེར་གྱི་ངོ་བོར་འགྱུར་བཞིན་པ་ལས། དོན་དངོས་མ་འོངས་པའི་ཆེད་དུ་བསམ་ཚུལ་འདོན་མཁན་དཀོན་པ་ལྟ་བུའི་སྣང་ཚུལ་ཞིག་རང་བཞིན་གྱིས་མངོན་ཡོང་གི་འདུག

བཙན་བྱོལ་ནང་གི་ཁྲིམས་དང་སྒྲིག་གཞི་ཡོངས་རྫོགས་ཀྱི་དམིགས་ཡུལ་འཐབ་རྩོད་ཀྱི་དགོས་མཁོ་དང་། དེའི་ནུས་པ་ཉམས་དམས་སུ་མི་འགྲོ་བའི་ཆེད་དུ་ཡིན་པ་ལས། རང་དབང་རང་བཙན་ཅན་གྱི་རྒྱལ་ཁབ་ཁག་གི་ལམ་སྲོལ་ཡོང་ཐུབ་ཐབས་མེད་པར་རང་ཉིད་ཀྱི་སྤྱི་ཚོགས་དགོས་མཁོ་ཁོ་ན་གཞི་རྩར་འཛིན་དགོས། ཕྱི་ལོ་༢༠༡༦ ལོའི་འོས་བསྡུ་ཆེན་མོའི་སྐབས་༧གོང་ས་མཆོག་གིས་ཨ་རི་དང་། རྒྱ་གར་ནང་གི་བྱེད་སྟངས་དང་དཔེ་ལེན་ཐབས་མེད་ཅེས་གསུངས་པ་དེ་ཡང་། མང་གཙོ་དང་རང་དབང་གི་ཐོག་ནས་ཨ་རི་དང་རྒྱ་གར་ལ་དཔེ་ལེན་ཐབས་མེད་ཚུལ་གསུངས་པ་མ་ཡིན་པར། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་། ནུས་པ། གཟི་བརྗིད་བཅས་གང་ཐད་ནས་ཝ་མོ་སྟག་ལ་འགྲན་པའི་དཔེ་དང་གཅིག་མཚུངས་ཡིན་སྟབས། བཙན་བྱོལ་བོད་མི་རང་ཉིད་ཀྱི་གནས་སྟངས་དང་འཚམ་པའི་ཁྲིམས་སྒྲིག་གི་ཁོར་ཡུག་ཅིག་བསྐྲུན་དགོས་པ་གལ་ཆེན་པོ་རེད། དེ་ཡང་ཁ་དཔེ་རུ་“ཁ་རྗེའི་ཚོད་ཀྱི་ཁ་ཕོར་དང་། བུ་མོའི་ཚོད་ཀྱི་མག་པ་”ཞིག་དགོས་ཞེས་ཟེར་བ་བཞིན། སྤྱི་ཚོགས་ཀྱི་ཆ་ནས་དང་སྒྲིག་འཛུགས་ཀྱི་ཆ་ནས་ང་རང་ཚོའི་གནས་སྟངས་ང་རང་ཚོས་གསལ་པོ་ཤེས་དགོས།

འོས་བསྡུའི་སྒྲིག་གཞིའི་ནང་གསལ་ཁ་དགོས་པ་ཁག་ཅིག་ཡོད་པ་དང་། གཙོ་བོ་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་དགོས་མིན་དེ་གནད་དོན་གཙོ་བོ་རེད། འདས་པའི་ལོ་རྒྱུས་ཀྱི་བྱུང་རིམ་ལ་བལྟས་ན་བཀའ་ཁྲི་དང་སྲིད་སྐྱོང་གི་འོས་བསྡུའི་སྐབས་སྔོན་འགྲོའི་ནང་འོས་གྲངས་མཐོ་ཤོས་དེ་དངོས་གཞིའི་ནང་དུའང་སླེབས་ཡོད། སྤྱི་འཐུས་ཡིན་ནའང་འོས་འགྲོའི་ནང་འོས་གྲངས་མཐོ་ཤོས་གང་ཡིན་པ་དག་ཕལ་ཆེ་བ་དངོས་གཞིའི་སྐབས་སུའང་སླེབས་ཡོད་པས་འགྱུར་བ་ཆེན་པོ་བྱུང་མྱོང་མེད། འོན་ཀྱང་སྤྱིར་ང་ཚོའི་མང་གཙོ་འདི་ལོ་ན་གཞོན་པ་མ་ཟད། ལྷག་པར་དུ་བཀའ་ཁྲི་དང་སྲིད་སྐྱོང་གི་འོས་བསྡུ་འགོ་བཙུགས་ནས་ད་བར་འོས་བསྡུ་ཐེངས་བཞི་ལས་སོང་མེད་པས། མ་འོངས་པར་སྔོན་འགྲོའི་སྐབས་འོས་གྲངས་ཉུང་བ་ཞིག་དངོས་གཞིའི་སྐབས་འཐོབ་མི་སྲིད་པ་རེད་ཅེས་ཐག་བཅད་ནས་བཤད་ཐུབ་མཁན་ཞིག་གཏན་ནས་མེད། འོན་ཀྱང་འདས་པའི་ཉམས་མྱོང་གི་ཐོག་ནས་བརྗོད་ན་སྔོན་འགྲོ་དང་དངོས་གཞིའི་བར་གླེང་ཕྱོགས་མང་པོ་ཞིག་བཟོ་བ་དང་། དཀྲོག་གཏམ་མང་པོ་ཞིག་སྤེལ་ནས་སྤྱི་ཚོགས་ལ་འགུལ་བསྐྱོད་འགྲོ་བཞིན་ཡོད་པ་འདི་ཡང་གསལ་པོ་རེད།

མི་མང་གི་སེམས་ནང་དུ་ཡོད་པའི་མི་ཞིག་སྔོན་འགྲོའི་སྐབས་སུ་སླེབས་སོང་ན་དེ་རང་གིས་འགྲིག་པ་བྱས་བཞག་ཀྱང་མི་ཆོག་པ་མེད་པར་སྙམ་ལ། གང་ལྟར་མི་མང་གིས་མང་མོས་ཐོག་ནས་ངོས་འཛིན་ཡོད་ཚར་བ་ཞིག་བསྐྱར་དུ་སྲིད་དོན་པས་མི་མང་གི་བསམ་ཕྱོགས་ཁ་བསྒྱུར་ནས་ཐག་གཅོད་བྱེད་དགོས་དོན་མེད་པ་ལྟ་བུ་དང་། ལྷག་པར་དུ་བཙན་བྱོལ་ནང་འཐབ་རྩོད་དང་སྒྲིག་འཛུགས་ཀྱི་གནས་སྟངས་འདི་ཉིད་མུ་མཐུད་ནས་རྒྱུད་འཛིན་བྱེད་ཐུབ་མཁན་ཞིག་བྱུང་ན་དེས་འགྲིག་པ་ལས། གསར་གཏོད་དང་བསྒྱུར་བཅོས་ཆེན་པོ་བྱེད་ཡུལ་ཞིག་གང་ཡང་མེད། དེར་བརྟེན་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་དགོས་པ་འདི་ལ་རྒྱུ་མཚན་ཞིག་མེད་པ་མིན་ཡང་། གོ་སྐབས་འདི་ལ་བརྟེན་ནས་མ་འོངས་པར་སྤྱི་ཚོགས་འཐོར་ཞིག་གམ། སྤྱི་ཚོགས་ཀྱི་བསམ་བློའི་གཅིག་སྒྲིལ་དང་། བསམ་བློའི་ནུས་པ་ཉམས་ཞན་དུ་འགྲོ་བའི་ཆ་རྐྱེན་ཞིག་ཏུ་གྱུར་སོང་ན། འོས་བསྡུ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་བཞག་པའི་དགོས་དོན་ལས་ཉེན་ཁ་ཆེ་བ་ཡོད། དེ་ཡིན་དུས་མ་འོངས་པར་འོས་བསྡུ་ལ་བརྟེན་ནས་སྤྱི་ཚོགས་ཆུང་ངུ་འདི་ཁ་འཐོར་དུ་འགྲོ་མི་འོས་པ་རེད།

མདོར་ན་འདས་པའི་བྱུང་རིམ་ནང་གང་བྱུང་ཡོད་པ་དེ་ཚང་མས་ཤེས་ཐུབ་པ་དང་། གང་ཡོང་སྲིད་པའི་སྐོར་དེ་ཚོད་དཔག་ཙམ་ཡིན་པ་ལས་ཡོང་ངེས་པའི་ར་སྤྲོད་གང་ཡང་བྱུང་མེད། སྔོན་མ་རྩོད་རྙོག་མང་པོ་བྱུང་ཡོད་པ་དང་། ད་དུང་ཡང་རྩོད་རྙོག་གི་མཇུག་མ་རྫོགས་པར་གནས་ཡོད་སྟབས་མ་འོངས་པར་དེ་ལས་ཀྱང་ལྷག་ཅིག་ཡོང་ངེས་ཡིན་པ་ནི་སྨྲོས་མི་དགོས་པ་རེད། ཆོས་ཕྱོགས་ནས་བཤད་ན་སྙིགས་མ་ལྔ་བདོའི་དུས་ཡིན་པ་དང་། འཇིག་རྟེན་ལྟ་ཚུལ་གྱི་ཐོག་ནས་བཤད་ན་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་སྟབས། མ་འོངས་པར་སྲིད་སྐྱོང་གི་འོས་གཞིའི་ནང་སླེབས་མཁན་དག་དང་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་སྔོན་མ་ལས་ཡག་ཙམ་བྱེད་མི་སྲིད་པ་ལྟ་བུ་རེད། ལྷག་པར་དུ་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་སྐྱོན་དེ་ཙམ་མེད་ཀྱང་། མ་འོངས་པར་ཕུགས་རྒྱང་རིང་པོའི་ཐོག་ནས་བསམ་བློ་བཏང་ན་སྤྱི་ཚོགས་ཀྱི་གཅིག་སྒྲིལ་ལས་གལ་ཆེ་བ་མེད་པ་དང་། སྔོན་འགྲོའི་སྐབས་མི་མང་གིས་གང་མཐོང་བ་དེར་ཆ་འཇོག་བྱས་ན་དེ་ནི་འཛམ་གླིང་སྤྱི་སྲོལ་དང་ཡང་མཐུན་པ་ཞིག་ཡིན་པས་མི་འགྲིག་པ་ཆེན་པོ་མེད་ངེས་རེད་སྙམ།།

Share this:
༣༨ ཀློག་གྲངས།