གསུམ་བཅུའི་དུས་དྲན་ནམ་ཡིན་ལ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུ་རེད་འདུག

ཨོ་གླིང་རི་སྔོན་པོར་གནས་སྡོད་ས་གནས་བོད་མི་ཚོས་འབོད་སྐུལ་ཐེངས་མང་ཞུས་མཐར། ལོ་རྗེས་མའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ནས་བཟུང་རི་སྔོན་པོ་ས་གནས་སྲིད་གཞུང་གི་ཐོག་ཁར་ཉིན་མོ་དེར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུ་རེད་འདུག

ཟླ་འདིའི་ཕྱི་ཚེས་༢༠ ཉིན་ཨོ་སི་ཀྲོ་ལི་ཡའི་རི་སྔོན་པོ་ས་གནས་ཀྱི་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཕྱི་ལོ་༢༠༡༩ ལོའི་ཕྱི་ཟླ་༣ པའི་ཚེས་༡༠ ཉིན་བོད་ནང་རང་དབང་སྒེར་ལངས་ཆེན་མོ་བྱས་ནས་མི་ལོ་༦༠ ཐམ་པ་འཁོར་བའི་དུས་དྲན་དང་བསྟུན་ནས། བོད་མི་རྣམས་ལ་རྒྱབ་སྐྱོར་དུ་ཉིན་དེར་ཨོ་གླིང་རི་སྔོན་པོའི་ས་གནས་སྲིད་གཞུང་གི་ཐོག་ཁར་བོད་རྒྱལ་ཁབ་ཀྱི་རྒྱལ་དར་བསྒྲེང་རྒྱུ་ཐག་གཅོད་བྱས་ཡོད་འདུག

ས་གནས་གཞུང་འབྲེལ་གྱི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་“རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་པར་བོད་མིས་ཡར་ལངས་ངོ་རྒོལ་བྱས་ནས་ལོ་རྗེས་མར་ལོ་ངོ་༦༠ འཁོར་བའི་དུས་དྲན་འཁེལ་གྱི་ཡོད་སྟབས། དེ་སྲུང་བརྩི་ཞུ་ཆེད་རི་སྔོན་པོ་ས་གནས་སྲིད་གཞུང་གི་ཐོག་ཁར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུ་ཡིན་”ཞེས་འཁོད་འདུག་པ་དང་། དེ་བཞིན་ལོ་རྗེས་མ་ནས་འགོ་འཛུགས་ཏེ་སླད་ཕྱིན་ཕྱི་ཟླ་༣ པའི་ཚེས་༡༠ ནམ་ཡིན་ལ་མུ་མཐུད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུ་ཡིན་པ་དང་། དེ་ནི་རི་སྔོན་པོ་ས་ཁུལ་དུ་གནས་སྡོད་བྱེད་མཁན་བོད་པ་རྣམས་ཚུད་པའི་སྐྱབས་བཅོལ་བོད་པ་རྣམས་ལ་རྒྱབ་སྐྱོར་ཡོད་པ་བསྟན་ཕྱིར་ཡིན་སྐོར་འཁོད་འདུག་པ་མ་ཟད། བོད་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུ་དེ་ས་གནས་སྲིད་གཞུང་གི་འཐུས་མི་རྣམས་སྤྱི་མོས་ཀྱི་ཐོག་ནས་འོས་འདེམས་བྱུང་ཡོད་སྐོར་འཁོད་འདུག

གནད་དོན་འདིའི་ཐོག་ས་གནས་སྲིད་གཞུང་གི་འཐུས་མི་བྷོ་རོན་གྱིས་“བོད་པ་རྣམས་ཡ་མཚན་ཅན་གྱི་རིག་གཞུང་གིས་ཕྱུག་པའི་མི་རིགས་ཡིན་སྟབས། ཁོང་ཚོས་ངོ་རྒོལ་ལས་འགུལ་སྤེལ་དུས་ཁྲོ་བའི་ཐོག་ནས་མིན་པར། ཞི་འཇམ་གྱི་ངང་ནས་བྱེད་ཀྱི་ཡོད་དུས་རྒྱ་ནག་གི་བཙན་འཛུལ་འོག་ནས་ཁོང་ཚོས་ཇི་ལྟར་མྱོང་གི་ཡོད་མེད་མི་མང་པོ་ཞིག་གིས་ཤེས་རྟོགས་ཐུབ་ཀྱི་ཡོད་མ་རེད་”ཅེས་དང་།“གལ་ཏེ་རྒྱ་ནག་གིས་རི་སྔོན་པོ་ས་གནས་དང་ཚོང་འབྲེལ་ག་འདྲ་ཞིག་ཕྱིར་འཐེན་བྱས་ན་ཡང་། བོད་མིར་འགྲོ་བ་མིའི་ཐོབ་ཐང་རག་གི་མེད་པ་ངོས་འཛིན་བྱ་རྒྱུ་ནི་འགྲིག་པ་ཞིག་རེད་”ཅེས་བརྗོད་འདུག

རི་སྔོན་པོར་གནས་སྡོད་བོད་མི་ཁག་ཅིག

འདི་གའི་གསར་འགོད་པས་རི་སྔོན་པོ་ས་གནས་སུ་གནས་སྡོད་བྱེད་མཁན་ཆབ་སྲིད་བཙོན་ཟུར་ཤེལ་དགེ་འདུན་ཚེ་རིང་ལ་གནས་འདྲི་བྱས་པར་“བོད་པ་མང་པོ་ཡོད་སའི་ཨོ་སི་ཀྲོ་ལི་ཡའི་ས་གནས་མང་པོར་བོད་རིགས་མཐུན་ཚོགས་ཡོད་ཀྱང་། ང་ཡོད་ས་འདིར་བོད་རིགས་མཐུན་ཚོགས་ཡོད་མ་རེད། ཡིན་ན་ཡང་། ས་གནས་བོད་མི་རྣམས་ཀྱིས་མ་སྐུལ་དང་བླངས་ཐོག་མཉམ་རུབ་བྱས་ནས་ས་གནས་སྲིད་གཞུང་དང་། དབུས་གཞུང་། རིག་གཞུང་སྣ་མང་གི་བསྟི་གནས་ཁང་། རང་དབང་ཅན་གྱི་ཚོགས་སྡེ་ཁག་མང་པོར་བོད་དོན་ངོ་སྤྲོད་དང་། བོད་དོན་ཐོག་རྒྱབ་སྐྱོར་བྱེད་རྒྱུའི་སྙན་ཞུ་མང་པོ་ཕུལ་མཐར། ཁོང་ཚོས་ང་ཚོར་རྒྱབ་སྐྱོར་ག་རེ་དགོས་མིན་སྐད་ཆ་དྲིས་བྱུང་། དེ་ནས་ང་ཚོས་ལོ་གཅིག་ནང་ལ་བོད་པའི་དུས་དྲན་ཆེས་གལ་ཆེ་ཤོས་དེ་གསུམ་བཅུའི་དྲན་ཡིན་པ་དང་། སྐབས་དེར་བོད་མི་ཧ་ཅང་མང་པོའི་ཚེ་སྲོག་ཤོར་བའི་ཐོག བོད་ཀྱི་རང་དབང་ཤོར་ཡོད་སྟབས། ཉིན་མོ་དེར་ས་གནས་སྲིད་གཞུང་གི་གཞུང་འབྲེལ་གྱི་རྒྱལ་དར་འཛུགས་སར་བོད་ཀྱི་རྒྱལ་དར་འཛུགས་རྒྱུའི་རེ་སྐུལ་ཞུས་པ་བཞིན། ས་གནས་གཞུང་གི་ནང་དུ་དེའི་ཆེད་དུ་ཚོགས་འདུ་རིམ་པར་འཚོགས་ཤིང་བགྲོ་གླེང་མང་པོ་བྱས་མཐར་རྒྱབ་སྐྱོར་ཐོབ་ནས། དེ་ལྟར་ཐག་བཅད་དེ་ལོ་རྗེས་མའི་གསུམ་བཅུའི་དུས་དྲན་ཉིན་མོ་ནས་བཟུང་བསྟུད་མར་གསུམ་བཅུའི་དུས་དྲན་ནམ་ཡིན་ལ་བོད་ཀྱི་རྒྱལ་དར་བསྒྲེང་རྒྱུ་གཏན་འཁེལ་བྱུང་བ་རེད་”ཅེས་བརྗོད་བྱུང་།

གཞན་ཡང་ཁོང་གིས། རི་སྔོན་པོའི་ས་ཁུལ་ནི་ཨོ་གླིང་གི་ཡུལ་སྐོར་ལྟེ་གནས་ཆེ་ཤོས་ཨང་གཉིས་པ་དང་། མཉམ་འབྲེལ་རྒྱལ་ཁབ་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁོངས་སུ་ཚུད་པའི་ས་གནས་གལ་ཆེན་དང་གྲགས་ཅན་ཞིག་ཡིན་པ་དང་། ལོ་ལྟར་རྒྱ་ནག་གི་གཙོས་པའི་འཛམ་གླིང་གི་རྒྱལ་ཁབ་མང་པོ་ནས་ཡུལ་སྐོར་བ་ཁྲི་ཚོ་མང་པོ་ས་གནས་དེར་ཡོང་གི་ཡོད་པ། ལོ་རྒྱུས་ཀྱི་གལ་གནད་ཆེ་བའི་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུ་གཏན་འཁེལ་བ་དེའི་ཐོག་ནས་ས་གནས་སྲིད་གཞུང་གིས་བོད་དོན་དང་། བོད་མི་སྐྱབས་བཅོལ་བའི་གནས་སྟངས་ལ་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད་སྟབས་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་སྐོར་བརྗོད་བྱུང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༤༤༩ ཀློག་གྲངས།