ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ལག་ལེན་གྱི་ཁྱབ་ཁོངས་བསྐྱར་གླེང་།

རྩོམ་པ་པོ། རྫ་ཚེ་རིང་བཀྲ་ཤིས།

(དེ་རིང་(2018/9/23) གཟའ་ཉི་མའི་དུས་ཚོད་དང་བསྟུན་ནས་གྲོས་ཚོགས་ཀྱི་བཀའ་མོལ་འགའ་ལ་ཉན་རྗེས། ཡང་ངས་འདིར་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་འདིའི་ཐད་ན་སྐད་ཆ་འགའ་ཞིག་བཤད་འདོད་བྱུང་། ལར་བརྗོད་གཞི་འདིའི་ཐོག་ལོ་སྔོན་མར་ཕྲན་གྱིས་ཚོར་བ་རྣོན་པོས་སྐད་ཆ་ཁ་ཤས་བཤད་ཡོད་ལ། རྩོམ་ཡིག་དེ་བོད་ཀྱི་བང་ཆེན་ཐོག་བཀོད་ཡོད། ནང་དོན་རགས་བསྡུས་བྱས་ན། ༧གོང་ས་མཆོག་ཉིད་ཆོས་ལུགས་དང་མི་རིགས་མི་འདྲ་བའི་མི་མང་ས་ཡ་མང་པོའི་རེ་ལྟོས་དང་ཞུ་ཡུལ་གྱི་དབུ་ཁྲིད་གལ་ཆེན་ཞིག་གི་ངོས་ནས། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་མཚན་ཐོག་ནས་བྱམས་བརྩེ་དང་བཟོད་སྲན་སོགས་སྤེལ་བ་ནི་རླབས་ཆེན་ཡིན་ཡང་། ང་ཚོ་བོད་པའི་སྤྱི་ཚོགས་ནི་༧གོང་ས་མཆོག་གི་ནང་པའི་ལྟ་གྲུབ་ཁྱབ་སྤེལ་གནང་ཡུལ་གཙོ་བོ་དེ་ཡིན་པའི་ཆ་ནས། གཙོ་བོ་ནང་ཆོས་རང་གི་ཐོག་ནས་སློབ་གསོ་དར་སྤེལ་བྱེད་པ་དེ་ཧ་ཅང་འོས་མཚམས་ཡིན་ཞིང་། འདི་ནི་༧གོང་ས་མཆོག་གིས་བཞེད་པའི་བོད་ཀྱི་གཞོན་སྐྱེས་དག་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་སྟངས་ཡིན་པ་དང་གཅིག

བོད་ཀྱི་ཕྲུ་གུ་དེ་ཚོར་སློབ་ཁྲིད་བྱེད་སྐབས་ཚེ་སྔ་ཕྱི་དང་ལས་འབྲས་ཀྱི་ལྟ་གྲུབ་རྨང་གཞིར་བཞག་ནས་སློབ་ཁྲིད་བྱེད་དགོས་ཤིང་། དེ་ལྟར་བྱས་ན་ཆོས་ལུགས་ཀྱི་གཞི་རྩའི་ཡང་དག་པའི་ལྟ་གྲུབ་ཀྱི་རྩ་བ་གང་ལེགས་ཚུགས་ཐུབ་རྒྱུ་ཡིན་པ་དང་། བོད་པ་ཞིག་ཡིན་པའི་ངོས་ནས་བཟང་སྤྱོད་ཀྱི་ཉམས་ལེན་ག་འདྲ་ཞིག་ཡིན་ཡང་འཇིག་རྟེན་ཡང་དག་གི་ལྟ་བ་སྟེ། ཚེ་སྔ་ཕྱི་དང་ལས་འབྲས་ལ་ཡིད་ཆེས་པའི་ལྟ་གྲུབ་ཅིག་གི་རྨང་གཞི་བྱས་ཏེ། སློབ་སྦྱོང་བྱེད་དགོས་པ་དང་གཉིས།

ད་ལྟའི་བོད་ཀྱི་སློབ་གྲྭ་ཁག་གི་ཕྲུ་གུ་དག་གི་འཚོ་བ་དང་བསམ་བློ་རང་བཞིན་གྱིས་ཆོས་དང་རིག་གཞུང་གི་བསམ་བློ་དང་ཁ་ཐག་རིང་དུ་འགྲོ་བཞིན་པའི་དུས་ཚོད་འདི་འདྲ་ཞིག་ལ་ཆོས་དང་འབྲེལ་བའི་ཀུན་སྤྱོད་ཀྱི་སློབ་གསོ་ཅུང་ཟད་ཡོད་པ་དེ་ཚོ་ཡང་ཆོས་དང་མ་འབྲེལ་བ་ཞེས་པའི་མིང་བྱང་འོག་ཏུ་བཅུག་ནས་རྩལ་འདོན་གནང་ཆེ་བ་ཡིན་ན་དེས་ག་ལེར་བྱས་ནས་ལྡོག་ཕྱོགས་ཀྱི་མཇུག་འབྲས་བསྐྱེད་སྲིད་པ་བཅས་གསུམ་ནན་བརྗོད་བྱས་པ་ཡིན།

སྐབས་དེར་འགའ་ཞིག་གིས་ངའི་བཤད་སྟངས་འགྲིག་མི་འདུག་གསུངས་ནས་སྐབས་དེར་ཟམ་གདོང་རིན་པོ་ཆེས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་ལ་གནང་བའི་བཀའ་སློབ་རིང་པོ་ཞིག་བཏང་བྱུང་བ་ཆ་ཚང་ཉན་པ་ཡིན། ཁོང་གི་བཀའ་སློབ་ནང་ནས་ངས་ང་རང་གི་སྐད་ཆ་དེ་རྒྱུ་མཚན་མེད་པ་ཡིན་པའི་ཤེས་བྱེད་ཚིག་གཅིག་ཀྱང་རག་མ་སོང་། ཡིན་ན་ཡང་། ད་ཆ་བསམ་ན། ཟམ་གདོང་རིན་པོ་ཆེ་ནི་ངའི་སེམས་ནས་ཧ་ཅང་གུས་བཀུར་ཞུ་ཡུལ་གྱི་མཁས་པའི་དབང་པོ་དང་། ༧གོང་ས་མཆོག་གི་དགོངས་གཞི་རྟོགས་མཁན་དེ་ཡན་ན་མེད་པ་དེ་ཡིན་དགོས་ཀྱང་། དེའི་ཐད་ལ་སྤྱི་ཡོམ་ཙམ་ཞིག་བཤད་པ་ལས་དགོངས་གཞི་དངོས་དང་ལག་བསྟར་བྱ་ཡུལ་གྱི་ཁྱབ་ཁོངས་སོགས་སེམས་བདེ་བོ་ཞིག་གསལ་ཁ་གང་ཡང་མ་གཏོད་པར་མཁས་བཤད་སྤྱི་ཡམ་པ་ཞིག་བྱས་ནས་ཕྱིན་འདུག་པ་ནི་ཅུང་ཟད་ཧང་སང་དགོས་པ་ཞིག་རེད།

གང་ལྟར་ཤིན་ཏུ་སྟབས་ལེགས་པ་ཞིག་ལ། ཉེ་སྔོན་གོང་ས་མཆོག་དངོས་ཀྱིས་ས་རཱ་མཐོ་སློབ་ཏུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་འདིའི་ཐོག་ལ་བཀའ་ལན་ཧ་ཅང་གསལ་པོ་ཞིག་ཕེབས་ཟིན་ཞིང་། དེ་ཉིད་༢༠༡༨ ཟླ་༨ ཚེས་༢༩ རེས་གཟའ་ལྷག་པའི་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་སུ། ༼ང་ཚོ་བོད་པ་ནང་ཁུལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཟེར་ནས་བཤད་དགོས་པ་གང་ཡང་མེད།༽ཅེས་པའི་ཁ་བྱང་འོག་གསར་འགྱུར་འདི་དངོས་སུ་བཀོད་ཐོན་གནང་འདུག

དེ་ཡང་༧གོང་ས་མཆོག་གིས། ༼ང་རང་ཚོའི་སློབ་གྲྭའི་ནང་ལ་མཚོན་ན་ཕ་མེས་ནས་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་ཡིན་སྟབས་སྤྱིར་བཏང་ཆོས་དད་མེད་མཁན་ཚོར་བཤད་པ་ལྟར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ Secular Ethics  ཟེར་བའི་སྐད་ཆ་དེ་བོད་པ་ནང་ཚགས་ལ་བཤད་དགོས་པ་མེད།   གཞན་ལ་Secular Ethics བཤད་དུས་འབྲེལ་བ་ཡོད།༽ ཅེས་གསུངས་ཤིང་། བཀའ་སློབ་འདི་ནི་ཕྱི་ལོ་༢༠༡༨ ཟླ་བ་༨ ཚེས་༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་རཱ་མཐོ་སློབ་ཏུ་སྐབས་དང་པོའི་ནང་པའི་ཚན་རིག་དང་ལྟ་གྲུབ་འཛིན་གྲྭའི་སློབ་ཕྲུག་རྣམས་ལ་གནང་བའི་བཀའ་སློབ་རེད།

འདི་ནི་ང་ལ་མཚོན་ན་གཏམ་བཟང་ཞིག་ཡིན། རྒྱུ་མཚན་གང་ཡིན་ཟེར་ན། ངས་དོན་གནད་འདི་གལ་ཆེན་ཞིག་ལ་བརྩི་གི་ཡོད་ལ། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་འདི་བོད་པའི་སྤྱི་ཚོགས་ཀྱི་ཕྲུ་གུ་ཚོའི་ཡོངས་ཁྱབ་སློབ་ཚན་དང་བསྲེ་བསྲེ་གཏོང་རྒྱུར་མཐའ་གཅིག་ཏུ་མོས་མཐུན་མེད་པ་ཞིག་ཡིན། དེ་ནི་ཉེན་ཁ་ཡིན་པའི་ལྟ་ཚུལ་འཛིན་གྱི་ཡོད། དེའི་རྒྱུ་མཚན་ཆ་ཚང་ནི་ན་ནིང་གི་རྩོམ་ཡིག་རང་དུ་ལྟ་དགོས་ལ་ཆ་ཤས་ཤིག་གོང་དུ་ཡང་དྲངས་ཟིན།

༼རྩོམ་ཡིག་འབྲེལ་ཐག  http://bangchen.net/31560/02/25/  ༽བཀའ་སློབ་འདི་ཐོས་པ་དང་། ༧གོང་ས་མཆོག་གི་བཀའ་དགོངས་ཡིན་འདོག་གིས་སློབ་གྲྭ་ཁག་ཏུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་དར་ཆ་བེད་སྤྱོད་གཏོང་གྲབ་བྱེད་མཁན་གྱི་དགེ་རྒན་འགའ་རེ་དང་རང་ཉིད་ཀྱི་བར་ལ་བྱུང་བའི་རྩོད་གླེང་དེ་ཚོ་ཡང་དྲན་བྱུང་། དེས་ན་ཆོས་སྒྲུབ་པ་ལས་ཀྱང་སྒྲུབ་ཚུལ་གཙོ་ཟེར་བ་ལྟར། ༧གོང་ས་མཆོག་གི་བཀའ་སྒྲུབ་པའི་སྐབས་སུ་ཡང་ཐོག་མར་བཀའ་སློབ་ཀྱི་གཞི་འཛིན་ས་དང་དགོངས་གཞི་ལ་གོ་བ་ཚད་ལྡན་ཞིག་ལེན་ཐུབ་པ་འདི་ཧ་ཅང་གལ་ཆེན་པོ་རེད་སྙམ་པའི་ངེས་ཤེས་སྔར་ལས་ཆེ་བ་བྱུང་སོང་།

འདི་དང་འབྲེལ་ནས་དཔལ་ས་སྐྱའི་སྤྱི་འཐུས་ཀཿབྲག་མཁན་པོ་དངོས་གྲུབ་བསོད་ནམས་ཀྱིས་ཀྱང་། ཉེ་ཆར་གྲོས་ཚོགས་ཐོག་ཏུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་དགོངས་གཞི་ལག་ལེན་བསྟར་ཕྱོགས་ཐད་ཕྲན་དང་བསམ་ཚུལ་གཅིག་མཚུངས་བྱུང་འདུག ཁོང་གིས་༧གོང་ས་མཆོག་གི་བཀའ་ལ་དྲང་ངེས་འབྱེད་དགོས་གསུངས་པ་དེ་ཡང་ངས་བསམ་ན་སྐད་ཆ་ནོར་བ་དེ་འདྲ་མ་རེད། དྲང་ངེས་འབྱེད་རྒྱུ་ཡོད་པར་ཁས་ལེན་པ་དེ་སྡུག་པོ་ཡིན་ན། སངས་རྒྱས་ཀྱི་བཀའི་ཁྱད་ཆོས་གཙོ་བོ་དེ་དྲང་ངེས་འབྱེད་ཆོག་པ་དེ་ཡིན་ཐབས་མེད་པ་ཞིག་རེད། འོན་ཀྱང་། ཀུན་སློང་གི་ཆ་ནས་༧གོང་ས་མཆོག་གི་བཀའ་སློབ་རང་དོན་གྱི་ལག་ཆར་སྤྱད་དེ་ལོག་འགྲེལ་བྱས་ནས་དེ་ལ་དྲང་ངེས་ཀྱི་ཐ་སྙད་སྦྱར་ན་མི་འགྲིག་པ་ཡིན་པ་ཨ་ཅང་ཅང་། དེ་མིན་ ༧གོང་ས་མཆོག་གི་བཀའ་སློབ་ལག་བསྟར་གྱི་ཁྱབ་ཁོངས་ལ་ཁ་གསལ་བཏོད་ནས། དགོངས་པ་དངོས་ལ་འགྲེལ་བཤད་ཁ་གསལ་བྱེད་པ་ནི་འགྲིག་པ་ཞིག་རེད། སྤྱི་འཐུས་ཁོང་གིས་དྲང་ངེས་འབྱེད་དགོས་གསུངས་པ་དེ་ཡང་བཀའ་སློབ་དེ་གང་ཟག་སུ་ཞིག་གི་ཆེད་དུ་གསུང་གི་ཡོད་པ་དང་། དེ་ཉིད་ཇི་ལྟར་ལག་ལེན་དགོས་པའི་ས་མཚམས་ཟིན་དགོས་ཞེས་པའི་དོན་རེད་འདུག ཁོང་གིས་དེའི་དཔེ་མཚོན་དུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་གྱི་གོ་ནོར་དང་༧གོང་ས་མཆོག་གི་དགོངས་གཞི་དངོས་ཉེ་ཆར་བཀའ་གནང་བ་གཉིས་བཀོད་གནང་སོང་།

མདོར་ན། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་འདི་ཉིད་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ཡིན་ཡང་། ༧གོང་ས་མཆོག་སྐུ་དངོས་ཀྱིས། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་འདི་བོད་པ་ནང་ཁུལ་ལ་བཤད་དགོས་པ་ཞིག་མིན་ཞེས་ཉིད་ཀྱིས་དགོངས་པ་ཉིད་ཀྱིས་བཀྲལ་བ་ཟིན་པ་དེ་སྤྱི་འཐུས་དེས་དྲན་སྐུལ་བྱས་པ་ཙམ་རེད།

དེར་མ་ཟད། ཉེ་ཆར་ལ་དྭགས་སུ་ཡང་། བོད་པ་དང་རྒྱ་གར་བ་ཁ་ཆེ་སོགས་ལ་ཐུན་མོང་དུ་བཀའ་སློབ་གནང་སྐབས། སྤྱིར་ཆོས་དང་མ་འབྲེལ་བཟང་སྤྱོད་དང་། རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་སོགས་གཞི་རྒྱ་ཆེ་ས་ནས་ཡང་ཡང་གསུངས་ཡོད་ཅིང་། ཐ་ན་ཁོང་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་ཡང་ནང་པ་ཙམ་མིན་པར་ཕྱི་ནང་ཐུན་མོང་གི་ཚད་མ་སོགས་ལ་དགོངས་པ་བཞེས་དགོས་པའི་ལམ་སྟོན་གནང་ཡོད། ཡིན་ན་ཡང་། ༧གོང་ས་མཆོག་ལ་དྭགས་སོ་ནམ་གླིང་གཞིས་ཆགས་སུ་བོད་པ་རང་ལ་བཀའ་སློབ་གནང་སྐབས་དེ་དང་གཏན་ནས་མི་འདྲ་བར། དབུ་འཛུགས་དུས་ནས་དེ་རིང་ནི་བོད་པ་རང་ལ་སྐད་ཆ་ཤོད་རྒྱུ་ཡིན་སྟབས་ཆོས་ཕྱོགས་ནས་བཀའ་སློབ་གནང་རྒྱུ་ཡིན་གསུངས་ནས། བོད་ཀྱི་སྐད་ཡིག་དང་ཆོས་ཀྱི་ཆེ་བ་རང་ལས་བརྩམས་ཏེ་བཀའ་སློབ་གནང་ཡོད་ཅིང་། ལས་འབྲས་དང་མཆོག་གསུམ་ལ་ཡིད་ཆེས་པའི་ནང་པ་རྣལ་མ་ཞིག་དང་བོད་ཀྱི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་མཁན་གྱི་བོད་པ་རྣལ་མ་ཞིག་ལ་བཀའ་ཆོས་ཇི་ལྟར་གནང་འོས་པ་དེ་ལྟར་གསུང་གནང་མཛད་སོང་། དེས་ན་༧གོང་ས་མཆོག་གིས་གསུང་ཡུལ་གྱི་མོས་པ་དང་དད་མོས་སོགས་གཞི་ལ་བཞག་ནས་བཀའ་མོལ་གང་གནང་བ་དག་ལ་ས་མཚམས་མ་ནོར་བ་ཟིན་དགོས་ན་ནི་ཧ་ཅང་གལ་ཆེན་ཡིན།

འོ་ན། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་གཞུང་ལུགས་འདི་བོད་པ་སུས་ཀྱང་སློབ་སྦྱོང་མི་དགོས་པ་ཞིག་རེད་དམ་ཟེར་ན། དེ་མ་རེད། ཤེས་གསལ་ལྟར་ན། ཉེ་ཆར་ནེ་རྡིར་ལན་དི་རུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་ཡོད་ཚོགས་འདུའི་ཐོག་ནས་ཏཱ་ལའི་བླ་མ་མཐོ་སློབ་ཏུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ལས་གཞིའི་ཐད་རོགས་སྐྱོར་གནང་རྒྱུའི་ཐག་གཅོད་གནང་ཡོད་པའི་གནས་ཚུལ་ཐོན་ཡོད། དེ་ནི་གཏམ་བཟང་རེད། ༧གོང་ས་མཆོག་གི་ཆོས་ལུགས་མེད་པའི་སྤྱི་ཚོགས་ལ་ཕན་འདོགས་ཆེད་གསུངས་པའི་རིག་པའི་གཞུང་ལུགས་གལ་ཆེན་འདི་བོད་པའི་མཐོ་སློབ་ཏུ་དམིགས་བཀར་ཞིབ་འཇུག་བྱེད་པའི་སྡེ་ཚན་འཛུགས་པ་དང་། ཡང་སློབ་ཆེན་གྱི་སློབ་མའི་གནས་རིམ་དུ་ཡོད་པའམ། ལས་རིགས་འདྲ་མིན་དང་འབྲེལ་བ་ཡོད་པའི་དགེ་རྒན་འོས་སྦྱོང་སོགས་ལ་དམིགས་བཀར་༧གོང་ས་མཆོག་གི་བཀའ་གནང་དང་འབྲེལ་བའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སྦྱོང་བརྡར་གང་འོས་སྤྲོད་པ། མི་རིགས་གཞན་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་ཚན་གྱི་དགོས་མཁོ་ཡོད་པ་དག་ལ་སློབ་ཚན་སྒྲིག་སྦྱོར་སོགས་ཀྱི་མཐུན་སྦྱོར་གནང་ཐུབ་པ་ཞིག་དགོས་པ་ནི་ཧ་ཅང་གལ་ཆེན་རེད།

འདིའི་ཐད་ན་ཉིན་གྱི་ཕྲན་གྱི་རྩོམ་ཡིག་དེའི་མཇུག་ཏུའང་། ༼སློབ་གྲྭའི་དགེ་རྒན་དང་། ཡང་ན་དགེ་འོས་སློབ་གྲྭའམ་དགེ་རྒན་འོས་སྦྱོང་གི་འཛིན་གྲྭ་སོགས་སུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གསོའི་གོ་དོན་གང་ཡིན་དང་། སློབ་གསོ་དེ་བརྒྱུད་ནས་སྤྱི་ཚོགས་ཐོག་གི་ཆོས་ལུགས་ཁས་མི་ལེན་པ་དང་། ཆོས་ལུགས་དང་འབྲེལ་མེད་དུ་གནས་པའི་མི་ཚོར་ཕན་འདོགས་སྟངས་སོགས་༧གོང་ས་མཆོག་གི་བཀའ་སློབ་དང་དགོངས་བཞེད་ལྟར་ཁྱབ་སྤེལ་བྱེད་སྟངས་ཐད་ཟབ་སྦྱོང་ག་འདྲ་ཞིག་སྤྲད་ནའང་འདྲ། མི་སྒེར་གྱི་ངོས་ནས་ལས་དོན་ག་འདྲ་ཞིག་སྒྲུབ་ན་ཡང་དེ་ནི་ཧ་ཅང་འགྲིག་པ་ཞིག་རེད། ༽ཅེས་ནན་བརྗོད་བྱས་ཡོད།

ཁྱད་པར་དུ། ཕྱི་རྒྱལ་ཁག་ཏུ་ནང་ཆོས་དར་སྤེལ་བྱེད་མཁན་གྱི་མཁན་སྤྲུལ་དགེ་བཤེས་དག་གིས་དེ་བས་ཀྱང་། ནང་པ་ཡིན་ལ་མིན་ལ་དེ་ཚོར་གཏམ་བཤད་བྱེད་པ་དང་། དེ་བཞིན་མཐོ་སློབ་དང་བཙོན་ཁང་སོགས་ནང་པ་རང་མིན་པའི་མི་རིགས་འདྲ་མིན་གྱི་ཁོར་ཡུག་ཏུ་སློབ་སྟོན་བྱེད་སྐབས་༧གོོང་ས་མཆོག་གི་དགོངས་གཞི་འདི་ཉིད་དམིགས་བསལ་གལ་ཆེ་བ་ཡིན་པར་མཐོང་བྱུང་། ང་སྒེར་ལ་ཡང་འདིའི་ཐད་ཉམས་མྱོང་ཅུང་ཟད་རེ་ཐོབ་མྱོང་།

དེས་ན་གལ་ཏེ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་འདི་ཉིད་ཟབ་སྦྱོང་སྤྲོད་པའི་དབང་དུ་བཏང་ན། ངས་ནི་ཐོག་དང་པོར་མཁན་སྤྲུལ་དགེ་བཤེས་དག་གི་དབུས་པའི་སྤྱི་ཚོགས་གཞན་ལ་སྐད་ཆ་ཤོད་རྒྱུའི་གོ་སྐབས་དང་ནུས་པ་ཡོད་མཁན་ཚོར་སྤྲོད་རྒྱུ་གལ་ཆེ་བར་མཐོང་ཞིང་། དེས་ན་ང་ཚོ་བོད་ལ་ལྟོས་ནས་བཤད་ན། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ནི་ཆོས་ལུགས་ཁས་མི་ལེན་པའི་དེང་གི་སྤྱི་ཚོགས་ཀྱི་མི་གཞན་ལ་ཕན་འདོགས་པའི་སློབ་གསོ་ཙམ་ཞིག་ཡིན་པ་འདི་ངེས་པར་དུ་མཁྱེན་དགོས་སོ། །

 

Share this:
༣༡༠ ཀློག་གྲངས།