བཀའ་ཤག་གི་འོས་བསྡུའི་སྒྲིག་གཞི་བཟོ་བཅོས་ཁྲིམས་འཆར་གཏན་འབེབས་བྱེད་མ་ཐུབ་པ།

ཟླ་འདིའི་ཚེས་༢༥ ཉིན་ཏེ། སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༦ པའི་ཐོག བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ག་བསྐྱར་བཅོས་སྐོར་ལ་བགྲོ་གླེང་གནང་སྟེ། སྲིད་སྤྱི་གཉིས་ཀྱི་འོས་བསྡུ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་མུ་མཐུད་དགོས་པར་གཏན་འབེབས་བྱས་ཡོད་པ་རེད།

དེ་ཡང་ཚོགས་དུས་གསུམ་པའི་ཐོག འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཆེད་བཀའ་སྤྱི་གཉིས་ཀྱི་ཚོགས་ཆུང་གི་ཁྲིམས་འཆར་བཏོན་པར། བཀའ་ཤག་གིས་དེའི་ཐོག་བཟོ་བཅོས་ཁྲིམས་འཆར་བཏོན་པར་བརྟེན། སྐབས་དེར་ཕྱིར་འགྱངས་བྱས་ཡོད་པ་རེད།

ཐེངས་འདིའི་གྲོས་ཚོགས་ནང་བཀའ་ཤག་གིས་བཟོ་བཅོས་ཁྲིམས་འཆར་ཐོག་བགྲོ་གླེང་སྐབས། འོས་བསྡུ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་མི་དགོས་པར་ཐེངས་གཅིག་གིས་འགྲིག་ཆེད། བཅའ་ཁྲིམས་ཀྱི་ལེའུ་བརྒྱད་པའི་དོན་ཚན་གོ་བདུན་པའི་ནང་གསེས་ ༢ ཀ པའི་ནང་འཁོད། “སྲིད་སྐྱོང་དང༌། སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་གསལ་བསྒྲགས་བྱས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་”ཞེས་པའི་ཚིག་བརྗོད་ལ་བཀའ་ཤག་གིས་བསྐྱར་བཅོས་ཁྲིམས་འཆར་བཏོན་པར། གྲོས་ཚོགས་ནང་བགྲོ་གླེང་བྱས་མཐར། རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མི་ཨ་ཀྲུག་ཚེ་བསྟན་ལས་མ་བྱུང་བས། བཀའ་ཤག་གི་འོས་བསྡུའི་སྒྲིག་གཞི་བཟོ་བཅོས་ཁྲིམས་འཆར་མར་ཟགས་ཡོད་པ་རེད།

མུ་མཐུད་བཀའ་སྤྱི་གཉིས་ལས་གྲུབ་པའི་ཚོགས་ཆུང་གིས་བཏོན་པའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཐོག་བགྲོ་གླེང་དང་གཏན་འབེབས་བྱེད་བཞིན་ཡོད་པ་དང་། སྔོན་འགྲོ་དང་དངོས་གཞི་གཉིས་ཀ་དགོས་པ་ཆགས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༢༢༠ ཀློག་གྲངས།