བཙུན་མའི་ལས་འཆར་གྱི་ཁྱབ་ཡུལ་དང་འབྲེལ་བའི་བསམ་ཚུལ།

རྩོམ་པ་པོ། རྫ་ཚེ་རིང་བཀྲ་ཤིས།

བཙུན་མའི་ལས་འཆར་གྱི་ཁྱབ་ཡུལ་དང་འབྲེལ་བའི་བསམ་ཚུལ་དངོས།

འདིར་ཐོག་མར་ངས་དགེ་བཤེས་མ་དང་འབྲེལ་ཡོད་ཀྱི་ཐོག་ནས་ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་དག་གི་ཕྱག་ལས་གནང་ཕྱོགས་ཤིག་ལ་བསམ་ཚུལ་ཞིག་འདོན་རྒྱུ་ཡིན། དེང་སང་དམིགས་བསལ་ཆོས་རིག་ལས་ཁུངས་ཀྱི་རང་སྐྱོང་སྡེ་ཚན་གྱི་འོག་ན་དགེ་བཤེས་མའི་ལས་འཆར་ཟེར་བ་ཞིག་ཡོད་ཅིང་། དེ་ནི་༧གོང་ས་མཆོག་གི་བཀའ་དགོངས་བཞིན་དགེ་བཤེས་མའི་ལས་འཆར་འདི་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་དངོས་གཞིའི་ལས་འཆར་གྱི་ཁོངས་སུ་འཇོག་གི་ཡོད་པའི་དོན་ཡིན་པ་འདྲ། ངས་བསམ་ན་དེ་ལ་ཞིབ་ཆ་ཞིག་དགོས་ངེས་རེད།

༧གོང་ས་མཆོག་སྒེར་ངོས་ནས་སྔར་དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་འབོད་སྐུལ་གནང་བ་དང་འདྲ་བར་བོད་ལ་དགེ་བཤེས་མ་ཟེར་བའི་ལུགས་སྲོལ་དེ་བྱུང་ན་ཡག་པོ་ཡོད་པའི་དགོངས་ཚུལ་འཛིན་གྱི་ཡོད་པ་རེད། དེའི་ཕྱོགས་ལ་འབོད་སྐུལ་མང་པོ་གནང་བ་རེད། དེ་ལ་ཆོས་རིག་ལས་ཁུངས་ཀྱིས་རྒྱབ་སྐྱོར་དང་རམ་འདེགས་གནང་བ་རེད། དེ་ཚང་མ་ཧ་ཅང་ཡག་པོ་རེད། ཡིན་ན་ཡང་། དགེ་བཤེས་མ་འདི་གཙོ་བོ་དགེ་ལུགས་པ་རང་གི་སློབ་གཉེར་གྱི་འགྲོ་སྟངས་ཤིག་ཡིན་པ་དང་། དགེ་བཤེས་མ་གསར་གཏོད་བྱུང་བ་དེ་དགེ་ལུགས་པའི་བཙུན་མའི་སློབ་གཉེར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་ཙམ་ཞིག་རེད། ཐོག་མར་འདི་ངེས་པར་དུ་གོ་དགོས། དགེ་ལུགས་པའི་སློབ་གཉེར་ལམ་ལུགས་འཐུས་ཚང་དུ་ཕྱིན་ན་དེ་ནི་བོད་ཀྱི་རིག་གཞུང་འཐུས་སྒོ་ཚང་དུ་ཕྱིན་པ་ཞིག་དང་། དེ་ཡང་༧གོང་ས་མཆོག་གི་ཐུགས་བཞེད་ཀྱི་ཆ་ཤས་ཤིག་རེད། དེ་ལ་ཐེ་ཚོམ་གང་ཡང་མེད། ཡིན་ན་ཡང་། ཤེས་རིགས་ལས་ཁུངས་ཀྱི་བཙུན་མའི་ལས་འཆར་དེ་སྒྲོལ་མ་གླིང་སོགས་སུ་དགེ་བཤེས་མ་དང་འཇང་དགུན་ཆོས་སོགས་ཀྱི་ལས་དོན་འགའ་ཞིག་སྤེལ་བ་དེ་ཁོ་ན་རེད་དམ་ཟེར་ན་གཏན་ནས་ཡིན་མི་འོས།

ད་དུང་ཁ་གསལ་དུ་བཏང་ན། གལ་ཏེ་བཙུན་མའི་ལས་འཆར་དེ་ཉིད་ཆོས་རིག་ལས་ཁུངས་ཀྱི་ཚོགས་སྡེ་ཤིག་ཡིན་ན། དེའི་རོགས་སྐྱོར་གྱི་དངུལ་དེ་ཚོ་བོད་ཀྱི་བཙུན་མའི་ལས་འཆར་རང་གི་མིང་ཐོག་ནས་ཡོང་བ་ཞིག་ཡིན་ན། དེའི་ཐེབས་རྩ་ལ་སྒོར་རྡོག་བདུན་ཅུ་ཐམ་པ་ཡོད་པའི་དབང་དུ་བཏང་ན། དེའི་ནང་གི་བཅུ་ཐམ་པ་དེ་དགེ་བཤེས་མའི་ལས་འཆར་དང་འབྲེལ་བའི་དགེ་ལུགས་པའི་བཙུན་མའི་ཐོག་ལ་གཏོང་དགོས་ལ། གཞན་ལྔ་བཅུ་ཐམ་པ་ཆོས་བརྒྱུད་ཁག་ལྔའི་བཙུན་མ་དག་གི་ཆེད་དུ་བཅུ་རེ་བཅུ་རེ་བྱས་ནས་གཏོང་དགོས་པ་དང་། ལྷག་མ་བཅུ་ཐམ་པ་དེ་ཐུན་མོང་གི་ལས་འཆར་གྱི་ཆེད་དུ་གཏོང་དགོས། བསམ་བློ་འདི་ངེས་པར་དུ་གལ་ཆེན་ཡིན་ལ། ལག་ལེན་ནི་དེ་འདྲ་ཞིག་གི་ཐོག་ནས་མངོན་གྱུར་བྱེད་དགོས། དེ་ལ་སྐད་ཆ་གཉིས་པ་གང་ཡང་མེད་པ་རེད། དེ་ལྟར་བྱས་ན་དེས་༧གོང་ས་མཆོག་གི་དགོངས་པ་དང་མ་མཐུན་པ་ཡོང་གི་མ་རེད་ལ། ༧གོང་ས་མཆོག་ཐུགས་མཉེས་ཤོས་དེ་ནི་དོན་དམ་པའི་རིས་མེད་དང་དོན་དམ་པའི་ཆ་མཉམ་གྱི་ལྟ་བ་དང་ལག་ལེན་ཡིན་པ་རེད།

དེ་ཡང་༧གོང་ས་མཆོག་གི་དགེ་བཤེས་མ་དང་འབྲེལ་བའི་ཐོག་མའི་དགོངས་གཞི་ནི་དགེ་ལུགས་པའི་གདན་ས་གསུམ་སོགས་ཀྱིས་དགེ་བཤེས་མའི་མཚན་གནས་གསར་གཏོད་ཀྱི་འགྲོ་སྟངས་འདི་དང་ལེན་གནང་རྒྱུ་དང་། དེ་ལ་བོད་པའི་སྤྱི་ཚོགས་ཀྱི་འདྲ་མཉམ་གྱི་ཆེ་མཐོང་ཞུ་རྒྱུ། དེའི་ཆེད་དུ་དགོས་ངེས་ཀྱི་སྐུལ་འདེད་དང་རྒྱབ་སྐྱོར་གནང་རྒྱུ་དེ་རེད། དེ་ལ་ཤེས་རིག་ལས་ཁུངས་ཡིན་ན་འདྲ། ཆོས་དོན་ལས་ཁུངས་ཡིན་ན་འདྲ། དེ་དག་གིས་མཐུན་སྦྱོར་ཞུ་དང་ཞུ། སྲིད་སྐྱོང་གིས་ཀྱང་དེའི་སྐོར་གཞུང་གི་བྱས་རྗེས་ཡིན་པ་ལྟ་བུ་ཐེངས་འགའ་ཞིག་གསུངས་མྱོང་ཡོད་པ་དྲན་གྱི་འདུག

ཡིན་ན་ཡང་། དམིགས་བཀར་བཙུན་མའི་ལས་འཆར་གྱི་ཐོག་ནས་བཤད་ན། བཙུན་མའི་ལས་འཆར་འདི་གལ་ཏེ་དགའ་ལྡན་ཁྲི་ཐོག་ཁང་ལྟ་བུའི་འཛིན་སྐྱོང་འོག་ཏུ་ཡོད་པའི་ལས་ཁུངས་ཤིག་ཡིན་ན་ནི་ཞུ་ཡ་གང་ཡང་མེད་པ་རེད། དེ་མིན་པར་ཆོས་རིག་ལས་ཁུངས་ཀྱི་འོག་གི་སྡེ་ཚན་ཞིག་ཡིན་ན་ནི་དགེ་བཤེས་མའི་སློབ་སྦྱོང་གི་དེ་ཆོས་རིག་ལས་ཁུངས་ཀྱིས་དམིགས་བསལ་འགྲོ་སོང་གཏོང་དགོས་པ་ཞིག་མིན།

སྤྱིར་དགེ་བཤེས་ཞེས་པའི་མཚན་གནས་འདི་རང་ངོས་ནས་བསམ་ན་ཡང་། མཚན་གནས་དེ་ནི་རི་བོ་དགེ་ལུགས་པའི་གདན་ས་ཁག་གི་དམིགས་བསལ་ཐ་སྙད་ཅིག་རེད། བོན་དང་ཇོ་ནང་ལ་ཡང་དགེ་ལུགས་ཀྱི་གདན་ས་ཁག་ནས་ཐོན་པ་དག་མ་གཏོགས་སོ་སོའི་ཁོང་གཏོགས་ཀྱི་བཤད་གྲྭ་དག་གི་སློབ་ཐོན་པར་དགེ་བཤེས་ཞེས་པའི་མཚན་གནས་འདི་ཡོད་མེད་གསལ་པོ་མ་ཤེས་མོད། མ་མཐའ་ཡང་། ད་ལྟའི་ཆར། བཀའ་བརྒྱུད། ས་སྐྱ། རྙིང་མ་བཅས་ཀྱི་གྲྭ་ས་ནས་མིང་འདི་འདོགས་སྲོལ་གཏན་ནས་མེད། ཁ་ཐུག་ཞུས་ན། མིང་འདི་ཆོས་བརྒྱུད་དེ་དག་གིས་གཞུང་ཕྱོགས་ཀྱིས་ངོས་ལེན་ཡོད་པའི་སློབ་གཉེར་གྱི་གོ་མིང་ཞིག་མིན། སོ་སོ་ལ་སོ་སོའི་འགྲོ་སྟངས་ཤིག་ཡོད་པ་དེ་ལ་ངེས་པར་རྩི་བཀུར་དགོས་པ་རེད། གཞན་གྱི་ལམ་ལུགས་ལ་རྒྱུས་ལོན་དང་རྩི་བཀུར་ཞུ་བ་ནི་དོན་དམ་པའི་རིས་མེད་དང་འདྲ་མཉམ་གྱི་རྨང་གཞིའང་རེད།

བརྒྱུད་རིམ་གྱི་ངོ་བོའི་ཐོག་ནས་ཀྱང་། དགེ་བཤེས་མ་ཡིན་དང་ཡིན། ཐ་ན་མཚན་ཉིད་གྲྭ་ཚང་གི་རིས་མེད་དགེ་བཤེས་སུ་སྐད་པ་དེ་དག་ཀྱང་སློབ་ཚན་བརྒྱ་ཆ་དགུ་བཅུ་རི་བོ་དགེ་ལུགས་པའི་ཡིག་ཆ་རང་སྦྱོང་བརྡར་བྱས་ནས་སློབ་ཐོན་གནང་བ་ཞིག་རེད། དེ་འདྲའི་རྒྱབ་ལྗོངས་འོག་ནས་འདི་དག་ཀྱང་དོན་དངོས་ཀྱི་ཐོག་ནས་རི་བོ་དགེ་ལུགས་པའི་བཙུན་མའི་འདུས་སྡེ་ཞིག་ཡིན་པ་དེ་དོན་དངོས་ཆགས་ཡོད། བོད་ནས་ཕེབས་པའི་རིས་མེད་བཙུན་མ་ཚོ་འཛུལ་ཞུགས་ཆོག་པའི་རྒྱུ་མཚན་གྱིས་རིས་མེད་ཡིན་སྙམ་ན་དེ་ནི་བཙུན་མའི་འདུས་སྡེ་འདི་རིགས་རིས་མེད་མཚན་ཉིད་པ་ཞིག་ཡིན་པའི་སྒྲུབ་བྱེད་གང་ཡང་མིན།

ཐ་ན་དེང་སང་ཨོ་གླིང་ལྟ་བུར་མཚོན་ན་ཡང་། ལོ་འདི་གའི་རང་ལ་ཡེ་ཤུའི་ཆོས་ལུགས་ཀྱི་སློབ་གྲྭ་ཁག་གི་ནང་དུ་བརྟགས་དཔྱད་བྱས་པས་སློབ་མ་བརྒྱ་ཆ་དྲུག་ཅུས་རང་ཉིད་ལ་ཆོས་ལུགས་ཁས་མི་ལེན་པ་ཡིན་པའི་འགེངས་ཤོག་བཀང་ཡོད་འདུག འོན་ཀྱང་། ཡེ་ཤུའི་སློབ་གྲྭའི་ངོས་ནས་དེ་ཚོ་ཕྱིར་འབུད་གཏོང་གི་མེད་པ་རེད། དེ་བཞིན་ས་དགེ་བཀའ་རྙིང་སོགས་ཀྱི་གྲྭ་ས་ཚང་མས་ཀྱང་ཆོས་ཞུགས་བྱེད་མཁན་ལ་ཆོས་བརྒྱུད་དེ་རང་གི་ཁོང་གཏོགས་ཡིན་དགོས་པའི་ཆ་རྐྱེན་བཏོན་པ་ཞིག་མེད་པ་རེད། དེ་ཙམ་གྱིས་རིས་མེད་ཡིན་པར་སྒྲུབ་མི་ཐུབ།

སྔར་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་རྫོང་སར་བཤད་གྲྭ་འདི་རིས་མེད་ཅིག་ཡོང་རྒྱུའི་རེ་བ་ཡུན་རིང་བརྒྱབ་པ་ཡིན་མོད། ཕྱི་ལོགས་སུ་རིས་མེད་ཡིན་ཚུལ་བཤད་ཀྱི་ཡོད་ན་ཡང་། རིས་མེད་བསྟན་རྒྱས་སྨོན་ལམ་རེ་བཏོན་པ་དང་། རིས་མེད་ཀྱི་གྲྭ་རྒྱུན་ཡོད་པ་དང་། རེས་མེད་ཀྱི་སློབ་ཚན་ཁ་ཁེར་ཞིག་ཡོད་པས་རིས་མེད་དངོས་གནས་དེ་ཆགས་ཀྱི་མི་འདུག་ཅེས་དཔལ་ལྡན་ས་སྐྱའི་བཤད་གྲྭ་རང་གི་ངོ་བོར་གསལ་བསྒྲགས་བསྐྱངས་གནང་ཡོད། དེ་འདྲ་བྱས་ན་ཧ་ཅང་དྲང་པོ་རེད། སྤྱིར་རི་བོ་དགེ་ལུགས་པ་ནི་གནའ་ནས་ད་བར་བོད་ཀྱི་ཆེས་གཞི་རྒྱ་ཆེ་ཤོས་ཀྱི་སློབ་གཉེར་བའི་སྡེ་ཡིན་པ་དང་། ད་ལྟའང་ལོ་རེ་ལ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཕེབས་མཁན་ཁོ་ནའང་ལྔ་བརྒྱ་དྲུག་བརྒྱ་བརྒལ་གྱི་ཡོད་པ་རེད། དེ་ཚང་མར་ཧ་ཅང་དད་གུས་ཆེན་པོ་ཡོད། དེ་བཞིན་བཙུན་མའི་དགོན་པ་ཞིག་ཡོད་པ་དང་། དེ་ནས་དགེ་བཤེས་མ་འགའ་ཞིག་ཐོན་པ་དེར་ང་ལ་མཚོན་ན་གུས་པ་འབའ་ཞིག་ལས་མེད།

ཡིན་ན་ཡང་། ཆོས་རིག་ལས་ཁུངས་དང་བཙུན་མའི་ལས་འཆར་སོགས་གཞུང་འབྲེལ་རང་གིས་དེ་དག་ལ་ཐད་ཀར་དམིགས་བསལ་འཛིན་སྐྱོང་དང་གསོ་སྐྱོང་བྱས་ཏེ། ཐོན་ཁུངས་དེ་དག་སྒེར་གྱི་ཐོག་སྤྱོད་པ་ནི་གཞུང་འདི་ངེས་པར་དུ་ཚད་མཐོ་བའི་བར་གནས་ཀྱི་ལངས་ཕྱོགས་འཛིན་མཁན་ཞིག་ཡིན་དགོས་པའི་ཆ་ནས་ཏག་ཏག་བསྡད་མེད་པ་ཞིག་ཏུ་མཐོང་གི་འདུག

རྙིང་མའི་རྣམ་གྲོལ་གླིང་དང་། བཀའ་བརྒྱུད་ཀྱི་འབྲི་གུང་དང་། འབྲུག་པ་བཀའ་བརྒྱུད་ཀྱི་བཙུན་མའི་བཤད་སྒྲུབ་ཀྱི་སྡེ་དག་དང་། ཐ་ན་ནོར་གླིང་གཡས་གཡོན་ན་ཡོད་པའི་བཀྲ་ཤིས་ལྗོངས་ཁོངས་གཏོགས་ཀྱི་བཙུན་དགོན་དང ཏི་ལོ་ཕུག་སོགས་སུ་ཡང་བཙུན་མའི་དགོན་པ་མང་པོ་ཞིག་ཡོད་པ་མ་ཡིན་ནམ། དེ་དང་བཞིན་ས་སྐྱ་སོགས་གཞན་དག་ལ་ཡང་བཙུན་མ་དང་བཙུན་མའི་སྡེ་ཡོད་བཞིན་པ་རེད། དེ་ཚོ་ལ་ཡང་གཞུང་ལ་གང་ཡོད་པའི་བདག་རྐྱེན་དང་གཟིགས་སྐྱོང་དེ་ཚོ་བརྒྱ་ཆ་བརྒྱ་གཅིག་མཚུངས་ཡོང་དགོས། ངས་འདི་ལྟར་བཤད་པ་དེ་བཙུན་དགོན་དེ་ཚོ་ལ་དཔལ་འབྱོར་སོགས་ཀྱི་དཀའ་ངལ་འདུག་བསམ་པ་གཏན་ནས་མིན། དཀའ་ངལ་ཡོད་མེད་ཡང་མི་ཤེས་ལ། ཕལ་ཆེར་བླ་ཆེན་དེ་ཚོ་ལ་ཡང་ཡོན་བདག་མང་པོ་དང་གདུལ་བྱ་རྒྱས་པོ། དབང་ཐང་ཆེན་པོ་རྐྱང་པ་ཡིན་སྟབས་བཙུན་དགོན་འགའ་ཞིག་གི་འཛིན་སྐྱོང་དང་མཐུན་རྐྱེན་ལ་དཀའ་ངལ་ཡོད་མཁན་ཞིག་གཅིག་ཀྱང་མཐོང་གི་མི་འདུག དེ་བཞིན་དགེ་ལུགས་པར་ཡང་། བཙུན་མའི་ལས་འཆར་གྱི་རོགས་སྐྱོར་ཡོད་ཀྱང་མེད་ཀྱང་བཙུན་མ་བརྒྱ་ཕྲག་འགའ་ཞིག་གི་སློབ་གཉེར་ལ་མཐུན་རྐྱེན་སྦྱོར་རྒྱུ་ནི་ཧ་ཅང་ཐག་གཅོད་སླ་བའི་དོན་དག་ཅིག་རེད། ཡིན་ན་ཡང་། སློབ་གཉེར་དང་འཛིན་སྐྱོང་སོགས་འཐུས་སྒོ་ཚང་དང་མ་ཚང་། དེ་ཉིད་དུས་དང་མཐུན་པའི་མདུན་སྐྱོད་ཚགས་ཚུད་བྱེད་ཐུབ་མིན་གྱི་ཁྱད་པར་ཡོད་པ་རེད། གཞུང་གི་རོགས་པ་གཙོ་བོ་ཡང་དེ་འདྲ་ཞིག་གི་ཐོག་ལ་དགོས་ཀྱི་རེད་དྲན་གྱི་ཡོད།

ཆོས་རིག་ལས་ཁུངས་ཀྱིས་མང་པོ་ཞིག་གནང་ཐུབ་མི་ཐུབ་དེ་གནད་འགག་མ་རེད། ཆོས་རིག་ལས་ཁུངས་ཀྱིས་ཚང་མ་ལ་སློབ་ཡོན་སྤྲོད་པ་དང་འཛུགས་སྐྲུན་རོགས་སྐྱོར་སོགས་མང་པོ་ཞིག་དགོས་པ་རེད་ཅེས་ངས་བསམ་གྱི་མེད། ཡིན་ན་ཡང་། གང་གནང་ཐུབ་པ་དེ་ངེས་པར་དུ་ཆ་མཉམ་ཞིག་ཡོང་དགོས་པ་དེ་ཆོས་རིག་ལས་ཁུངས་ཀྱི་རྩ་བའི་འགན་འཁྲི་རེད། མི་མང་གིས་ཆོས་རིག་ལས་ཁུངས་ཀྱིས་མཚོན་པའི་རང་གཞུང་ལ་མཐོང་དང་ཆ་འཇོག་ག་འདྲ་ཡོང་མིན་གྱི་གཞི་རྩ་ཡང་ཆགས་ཀྱི་ཡོད། བོད་པ་ནི་དད་པ་ཨང་དང་པོར་འཇོག་མཁན་ཞིག་ཡིན་པ་ཚང་མས་མཁྱེན་གསལ་ལྟར་རེད། དེ་བས་ཀྱང་འདིའི་ཕྱོགས་ལ་ཚགས་ཚུད་པོ་ཞིག་མ་བྱུང་ན་མི་མང་གི་སེམས་ནང་ལ་ཡང་གོ་བ་ལེན་སྟངས་མ་འདྲ་བ་ཞིག་དང་ལྟ་སྟངས་མ་འདྲ་བ་ཞིག་ཡོང་སྲིད་གི་རེད་ལ། དེ་འདྲ་སྔར་ནས་ད་བར་བྱུང་མ་མྱོང་བའང་མ་རེད།

དེའི་ཕྱིར། རྟེན་དང་བརྟེན་པར་བཅས་པ་རི་བོ་དགེ་ལུགས་པའི་སྒྲོམ་གཞི་ལས་གྲུབ་པའི་བཙུན་དགོན་དེའི་ནང་དུ་ཚུར་མཉམ་ཞུགས་བྱས་ན་གོ་སྐབས་ཡོད་པ་ལྟ་བུ་ཞིག་མ་ཡིན་པར། དོན་དམ་པའི་གཅིག་མཚུངས་ཀྱི་གོ་སྐབས་སྤྲོད་དགོས་པ་དང་། བཙུན་མའི་ལས་འཆར་ཚོགས་པའི་ལས་འཆར་ཡིན་ན་འདྲ། ཆོས་རིག་ལས་ཁུངས་ཀྱི་བཙུན་མའི་ལྟ་རྟོགས་ཚང་མར་དོན་དམ་པའི་འདྲ་མཉམ་ཡོང་དགོས།

ཉེ་ཆར་བོད་ཀྱི་བུད་མེད་ལྷན་ཚོགས་བསྐྱར་གསོ་བྱས་ནས་ལོ་ངོ་ཧྲིལ་པོ་སོ་བཞི་འཁོར་བའི་ཉིན་མོ་བརྗེ་ལེན་བྱུང་བའི་བཙུན་མའི་ལས་འཆར་ཚོགས་པའི་འགན་འཛིན་གསར་པ་སྣང་ས་ཆོས་སྒྲོན་ཞུ་བ་དེས་ཨ་རིའི་རླུང་ཕྲིན་གྱི་བཅར་འདྲི་དང་ལེན་སྐབས། ༼ངས་མུ་མཐུད་སྒྲོལ་མ་གླིང་དང་དེའི་དགེ་བཤེས་མའི་རྒྱུགས་སྤྲོད་དང་འཇང་དགུན་ཆོས་ཚུགས་རྒྱུ་སོགས་ལོ་རེའི་ལས་དོན་དེ་ཚོ་མུ་མཐུད་བརྒྱུ་ཡིན་༽ཞེས་ལན་བཏབ་ཡོད། སྐབས་དེར་ཁོང་གི་ཞལ་ན་སྒྲོལ་མ་གླིང་དང་དགེ་བཤེས་མའི་རྒྱུགས་སྤྲོད། འཇང་དགུན་ཆོས་བཅས་ལས་གཞན་ཆོས་བརྒྱུད་གཞན་གྱི་ཁྱབ་ཁོངས་ཀྱི་བཙུན་མ་དག་གི་ལས་དབང་དང་འབྲེལ་བའི་ཚིག་ཟུར་ཙམ་ཡང་མི་འདུག

དེ་ནང་བཞིན། སྤྱི་ལོ་༢༠༡༤ ལོའི་ཟླ་༣ པའི་ཕྱི་ཚེས་༢༦ ཉིན། རྒྱལ་ས་ལྡི་ལི་རུ་སྐབས་དེའི་བཙུན་མའི་ལས་འཆར་འགན་འཛིན་བཀའ་ཟུར་རིན་ཆེན་མཁའ་འགྲོ་ཞུ་བས་བཙུན་མའི་ལས་འཆར་སྐོར་ལ་སྐད་ཆ་ཞིག་བཤད་འདུག་མོད། ཁོང་གིས་ཀྱང་། བཙུན་དགོན་སྒྲོལ་མ་གླིང་ངོ་སྤྲོད་དང་འབྲེལ་ནས་དགེ་བཤེས་མའི་ལས་འཆར་སྐོར་ཁོ་ན་གཙོ་བོར་གསུང་གིན་འདུག་ལ། ཁོང་གིས་ཕྱི་རྒྱལ་བ་ཚོར་སློབ་གླིང་དེར་རྒྱ་བལ་འབྲུག་གསུམ་ནས་ཆོས་བརྒྱུད་རིས་མེད་ཀྱི་བཙུན་མ་མཉམ་ཞུགས་ཆོག་པའི་རྒྱུ་མཚན་གྱིས་རིས་མེད་ཡིན་པ་ལྟ་བུ་ཞིག་གསུངས་ཡོད། གཞན་ཆོས་བརྒྱུད་གཞན་གྱི་བཙུན་མ་སོགས་ལ་ལྟ་རྟོག་དང་ལས་འཆར་ཡོད་པ་གང་ཡང་གསུངས་མེད།

ངས་བསམ་ན་ཁོང་ཚོ་དགེ་ལུགས་པའི་ཞེན་ཁོག་ཆེ་དྲགས་ནས་དེ་འདྲ་ལབ་ཀྱི་ཡོད་པ་རེད་བསམ་གྱི་མེད། ཡིན་ན་ཡང་། དོན་དམ་པའི་རིས་མེད་དང་ཆ་མཉམ་གྱི་གཟིགས་སྐྱོང་གནང་རྒྱུར་གོ་རྟོགས་ཀྱིས་མི་འདང་བ་ཡིན་སྲིད་པ་ཞིག་རེད། དེ་ལ་ཆོས་རིག་གིས་ཀྱང་ལམ་སྟོན་ཚད་ལྡན་གནང་དགོས་པ་འདུག་ལ། ལས་འགན་ཁུར་མཁན་དེ་ཚོ་ལ་གོ་རྟོགས་སྤེལ་དགོས་ཀྱི་འདུག ༧གོང་ས་མཆོག་གིས་ཐེངས་མ་གཅིག་ལ་ཆོས་བརྒྱུད་གཞན་གྱི་བླ་མ་ཞིག་གིས་༼རྡ་རམ་ས་ལ་ནི་གདུགས་སེར་པོ་ཞིག་གི་འོག་ལ་འཁོར་བཞིན་ཡོད་པ་རེད་༽ཅེས་ལབ་པ་རེད་ཅེས་གསུངས་ནས་འཛིན་སྐྱོང་དང་ལས་ཀྱི་སྣེ་མ་བ་ཚོས་མཚམས་མཚམས་གཡས་གཡོན་ལ་ཡག་པོ་ལྟ་མ་ཐུབ་པའི་སྐྱོན་བྱུང་ཡོད་པ་ཞལ་བཞེས་གནང་ཡོད། ད་ཆ་ད་དུང་དེ་འདྲའི་གཡའ་དེ་བསྡད་བསྡད་ན་དེ་ནི་ཧ་ཅང་མི་འོས་པ་ཞིག་རེད། འདི་རིགས་ལ་གཞན་གྱི་ས་ལ་རང་བཞག་ནས་ཐུགས་བསམ་བཞེས་ཐུབ་པ་ཞིག་དགོས།

གལ་ཏེ་བཙུན་མའི་ལས་འཆར་ཁང་དེ་དངོས་གནས་བོད་མིའི་སྒྲིག་འཛུགས་རང་གིས་དོ་དམ་བྱེད་པའི་དོན་དམ་པའི་ཆོས་བརྒྱུད་རིས་མེད་ཀྱི་རྟེན་གཞི་ཞིག་ཡིན་དགོས་ན། དེ་ལ་མ་མཐའ་ཡང་རྩ་བའི་ཆ་རྐྱེན་གཉིས་ཚང་དགོས་ངེས་ཡིན།

གཅིག་ནི། དེར་ཆོས་བརྒྱུད་ཁུངས་གང་ལས་བྱུང་བ་དེ་དག་ལ་སོ་སོའི་ཆོས་བརྒྱུད་ཀྱི་འགྲོ་སྟངས་དང་མཐུན་པའི་སློབ་གསོ་ཆ་ཚང་ཞིག་སྤྲོད་རྒྱུ་ཡོད་དགོས།

གཉིས་པ་ནི་སློབ་ཐོན་སྐབས་སུ་ཡང་། ཆོས་བརྒྱུད་རང་ཁོངས་ཀྱི་འགྲོ་སྟངས་ལ་རྩི་བཀུར་གྱིས་མཁན་མོ་དང་སློབ་དཔོན་མ། བཀའ་བཅུ་མ་སོགས་ཀྱི་མཚན་གནས་ངེས་པར་འབུལ་དགོས་པ་ལས། ཆོས་བརྒྱུད་བྱེ་བྲག་པ་ཞིག་གི་སློབ་ཚན་དང་སློབ་གཉེར་ལམ་ལུགས་བསླབས་འཕང་དཔང་ཡིག་བཅས་དང་ལེན་བྱེད་དུ་འཇུག་པ་ནི་ཡང་དག་པའི་རིས་མེད་གཏན་ནས་མིན་ལ། དེ་འདྲ་ཆགས་ན་དེས་ཆོས་རིག་ལས་ཁུངས་ཀྱིས་ཀྱང་ཕུགས་རྒྱང་རིང་པོའི་ཡོངས་ཁྱབ་དང་ཐུན་མོང་གི་དབུ་ཁྲིད་ཀྱི་གནས་བབ་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་གཞི་ཆགས་ཀྱི་རེད། གལ་ཏེ་གནས་བབ་དེ་འདྲར་གྱུར་ན་རྒྱ་ནག་གིས་རྒྱ་ཡིག་དང་རྒྱ་ལུགས་ཀྱི་སློབ་གསོ་ཁོ་ན་གོ་སྒྲིག་བྱས་ནས་རང་སྐྱོང་གི་སྒོ་བྱང་འགེལ་བ་དང་གཅིག་པ་ཆགས་ཀྱི་རེད།

གོང་དུ་བཤད་པའི་རྒྱུ་མཚན་དེ་དག་གི་ཐོག་ནས་བལྟས་ན། སྐབས་འགའ་རེ་ལ། བཙུན་མིའི་ལས་འཆར་ཚོགས་པ་ཟེར་བ་དེས་ཀྱང་དགེ་བཤེས་མའི་ཆེད་དུ་ཕྱག་ལས་གནང་བསྡད་པ་ཞིག་དང་། ད་དུང་དེ་དག་ལ་མུ་མཐུད་རོགས་པ་བྱེད་རྒྱུ་ཙམ་ལས། ཆོས་བརྒྱུད་རིས་མེད་ཀྱི་བཙུན་མའི་ཁྱབ་ཁོངས་སུ་ཕར་འཛུལ་ནས་དེ་དག་གི་ངོ་བོ་དང་རྣམ་པ་མི་འདྲ་བ་ལ་རྒྱུས་ལོན་བྱས་ཏེ། སོ་སོའི་ཆོས་བརྒྱུད་ཀྱི་སློབ་གཉེར་གྱི་ཕྱག་ལེན་རྨང་གཞིར་བཞག་པའི་ཐོག་ནས་ཕྱག་ལས་གནང་རྒྱུ་སེམས་ལ་ཡང་འཁོར་གྱི་ཡོད་ས་མ་རེད་སྙམ་པ་ཞིག་འདུག དེ་འདྲ་ཡིན་ན་དེ་རྦད་དེ་ནོར་བ་རེད། གཅིག་བྱས་ན་ངའི་ནོར་བ་ཡིན་རྒྱུ་རེད། ཡིན་པའི་རེ་བ་ཡོད།

བཙུན་མའི་ལས་འཆར་གྱི་ཕྱི་རྒྱལ་གྱི་རོགས་ཚོགས་ཡིན་ན་ཡང་། དེ་དག་གི་བོད་ཀྱི་བཙུན་མ་སྤྱིའི་འདུན་ལམ་དང་འབྲེལ་བའི་རྒྱབ་སྐྱོར་ཡིན་པ་ལས་དགེ་ལུགས་པའི་བཙུན་མའི་ཆེད་དུ་ཡིན་ཟེར་བ་ཞིག་རོགས་སྐྱོར་གནང་མཁན་ལེན་མཁན་གཉིས་ཀྱི་ནང་ལ་ཡོད་རྒྱུ་མ་རེད། དེ་འདྲ་ཡིན་དུས་ཐོན་ཁུངས་དེ་དག་ཆ་མཉམ་ཞིག་བགོ་འགྲེམས་ཡོང་རྒྱུ་དེ་དོན་གྱི་ཐོག་ནས་ཧ་ཅང་གལ་ཆེན་པོ་ཡིན།

ད་དུང་ནན་བརྗོད་ཅིག་བྱས་ན། དེ་ཡང་ཆོས་བརྒྱུད་སོ་སོ་སྤྱིར་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཡིན་པར་གཅིག་ན་ཡང་། ནང་གསེས་སོ་སོ་ལ་དང་པོ་བློ་སྦྱོང་ནས་གཞུང་ཆེན་ལྟ་སྟངས། དེ་ནས་སྒྲུབ་པ་ཉམས་ལེན་བྱེད་སྟངས་ཚུན་ཆད་ཕྱག་བཞེས་ཀྱི་ཆ་ནས་ཧ་ཅང་མི་འདྲ་བ་ཡོད་པ་རེད།

བོད་ནང་གི་གསེར་རྟ་བླ་རུང་སྒར་ལ་མཚོན་ན། གཞུང་བཀའ་པོད་ལྔ་ལ་དཀའ་འགྲེལ་རྩོམ་མཁན་གྱི་མཁན་མོ་བྱུང་འདུག གྲངས་དང་སྤུས་ཀ་གཉིས་ཀའི་ཆ་ནས་ཡག་པོ་ཡོད་པའི་སྐོར་གོ་ཐོས་བྱུང་། རྒྱ་གར་དུ་ཡང་། བཀའ་རྙིང་ས་སྐྱ་སོགས་ལ་མཁན་མོ་དང་སློབ་དཔོན་མ་སོགས་མང་པོ་ཞིག་ཡོང་བཞིན་འདུག ད་དུང་འབྲི་གུང་སོགས་ལ་བཙུན་མ་རྣམས་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་མཛད་ནས་སྒྲུབ་དཔོན་ཐོན་པའང་མང་པོ་ཡོད་ས་རེད། དེ་བཞིན་འབྲུག་པ་བཀའ་བརྒྱུད་ལ་ཡང་བཙུན་མའི་ཚོགས་སྡེ་ཧ་ཅང་ཆེན་པོ་དང་། དེ་དག་གིས་ཀྱང་དེང་དུས་དང་མཐུན་པའི་རང་སྲུང་དྲག་རྩལ་དང་། ཁོར་སྲུང་། སྤྱི་ཚོགས་ཞབས་ཞུ་སོགས་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གྱི་ལས་གཞི་མང་པོ་བྱེད་ཀྱིན་ཡོད་པ་མཐོང་རྒྱུ་འདུག དེ་དག་ལ་ཡང་ཕར་བཅར་ནས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་ཞིབ་འཇུག་དང་རྒྱུས་ལོན་ཐོག རོགས་རམ་དགོས་སར་རོགས་རམ། གཟེངས་བསྟོད་དགོས་སར་གཟེངས་བསྟོད་བྱས་ཏེ། སེམས་ཤུགས་སྤོར་དགོས་པ་གཅིག་མཚུངས་རེད། དེ་འདྲ་བྱས་པ་ཡིན་ན། གཞི་ནས་བོད་ཀྱི་བཙུན་མའི་ལས་འཆར་མིང་དོན་མཚུངས་པ་ཞིག་ཡོང་གི་རེད།

ཁ་ཐུག་ཞུས་ན། ནམ་རྒྱུན་ས་རྙིང་བཀའ་བརྒྱུད་ཀྱི་གྲྭ་པ་མང་པོ་ཞིག་གིས་ཀྱང་རྡ་སའི་གཞུང་འདི་དགེ་ལུགས་པས་བཟུང་བསྡད་པ་འདྲ་པོ་ཞིག་དང་། གཞན་ཚོ་ལ་གོ་སྐབས་སྤྲོད་ཀྱི་མེད་པ་ལྟ་བུ་ཤོད་མཁན་མེད་པ་མ་རེད། ངས་དེ་དག་གི་བསམ་བློ་གཏོང་སྟངས་མང་པོ་ཞིག་སྤྱི་ཚོགས་རྙིང་པའི་བག་ཆགས་ཀྱི་དུས་རིམ་དུ་བསྡད་ཡོད་པ་དང་། ད་ལྟ་དེ་འདྲ་མིན་པར་མ་ཟད། མང་པོ་ཞིག་ལ་གོ་སྐབས་ཆ་མཉམ་གནང་། ས་མིག་གཅིག་མཚུངས་སྤྲད། གསར་བསྒྲགས་གཅིག་མཚུངས་བྱས་ན་ཡང་སོ་སོས་གོ་སྐབས་མ་བླངས་པར་རྒྱང་ཐག་རིང་པོ་བྱས་ནས་བསྡད། མཐར་གྲལ་དུ་མ་ཚུད་པ་དང་རྒྱབ་ལོག་ནས་སྐད་ཆ་འདྲ་མིན་བཤད་བསྡད་པ་དེ་འདྲ་རེད་ཅེས་ཁོང་ཚོར་རྩོད་པ་བརྒྱག་མྱོང་། དཔེར་ན། ཕྱི་རྒྱལ་ལ་ཚན་རིག་གི་ཟབ་སྦྱོང་དུ་འགྲོ་མཁན་ལྟ་བུ་དང་། སློབ་གྲྭ་ཁག་གི་ཆོས་དགེ་ལྟ་བུ་ངས་ནི་གཞུང་གིས་ཆོས་བརྒྱུད་གཞན་ལ་གོ་སྐབས་མ་གནང་བ་རེད་བསམ་གི་མེད། དེ་བཞིན། དགེ་འདུན་པ་དག་གི་འཚོ་སྣོན་དང་། མཁན་གདན་ཟུར་སོགས་ཀྱི་གསོལ་ཕོགས་དོད། ལྟ་གྲུབ་ཟབ་སྦྱོང་སོགས་མང་པོ་ཞིག་ལ་གོ་སྐབས་ཆ་མཉམ་སྤྲོད་ཀྱིན་ཡོད་ངེས་ཡིན་པའི་ཡིད་ཆེས་ཡོད། དེས་ན་ངས་གང་བཤད་བཞིན་པ་ནི་བཙུན་མའི་ལས་འཆར་ཁོངས་ཀྱི་དགེ་བཤེས་མའི་ལས་འཆར་རང་དང་འབྲེལ་བའི་ཐོག་ནས་ཞུ་བཞིན་ཡོད་པ་འདི་མཁྱེན་དགོས།

ཆོས་བརྒྱུད་གཞན་པ་ཚོས་ཀྱང་། གོ་སྐབས་ཡོད་བཞིན་ཆ་ཤས་མི་ལེན་པ་དང་། དོ་སྣང་མི་བྱེད་པར་འཐུས་ཤོར་གཏོང་བཞིན་པའི་གནས་སྟངས་ངས་ཀྱང་མཐོང་མྱོང་ཡོད། མ་ཟད། ཆོས་བརྒྱུད་མང་པོ་ཞིག་ལ་སློབ་དཔོན་དང་མཁན་པོ་ཐོན་ཙམ་ན་སོ་སོའི་དགོན་ཆུང་དང་ཆོས་ཚོགས་དག་ཏུ་དཔེ་ཁྲིད་བྱེད་དུ་གཏོང་དགོས་ཀྱི་ཡོད་ཅིང་། དེ་དག་ཀྱང་འདང་ལ་མི་འདང་ཙམ་དང་། འགའ་ཞིག་གིས་དེ་ཡང་མི་འདང་བར་དགེ་ལྡན་པའི་གདན་ས་ཁག་གིདགེ་བཤེས་རྣམ་པ་དཔེ་ཁྲིད་དགེ་རྒན་དུ་གདན་འདྲེན་དགོས་ཀྱི་ཡོད། འོན་ཀྱང་། རི་བོ་དགེ་ལུགས་པའི་གདན་ས་དག་ནི་དེ་དང་མི་འདྲ་བར་ལོ་རེ་རེ་ལ་དགེ་བཤེས་བརྒྱ་ཕྲག་མང་པོ་ཐོན་གྱི་ཡོད་པ་རེད། དེང་སང་གི་བཤད་སྟངས་བྱས་ན་དེ་ཚོ་མང་པོ་ཞིག་དགེ་བཤེས་ཐོན་རྗེས་ལས་མེད་ལྟ་བུར་བཞུགས་ཡོད་པ་དང་། ཆོས་བརྒྱུད་གཞན་པ་ཚོའི་བཤད་གྲྭའི་ཁོངས་ནས་ཆོས་དགེ་མང་པོ་ཞིག་མཁོ་འདོན་བྱེད་མི་ཐུབ་པ་སྟེ། དེ་འདྲའི་རྒྱབ་ལྗོངས་འོག་དགེ་ལྡན་པའི་གྲྭ་ས་ཁག་ནས་ཡོང་བ་དག་ཆོས་དགེ་གནང་རྒྱུ་ནི་ཧ་ཅང་རྒྱུ་མཚན་ཡོད་པ་ཞིག་རེད། གདན་ས་ཁག་གིས་དགེ་བཤེས་མང་པོ་བསྐྱེད་བསྲིངས་གནང་བར་མ་ཟད། རང་རེའི་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་ཏུ་ལྟ་གྲུབ་དགེ་རྒན་གནང་མཁན་མང་པོ་ཕེབས་ཐུབ་པ་དེ་ང་ཚོས་བཀའ་དྲིན་ཞུ་འོས་པ་ཞིག་རེད།  འོན་ཀྱང་། དགེ་བཤེས་དེ་དག་གཞུང་གི་སློབ་གྲྭར་སླེབས་དུས་སློབ་གྲྭ་དེ་བོད་སྤྱི་པའི་ཡིན་པ་དང་། དེའི་ནང་གི་འགྲོ་སྟངས་དེ་སྤྱི་དང་མཐུན་པའི་འགྲོ་སྟངས་ཤིག་ངེས་པར་དུ་དགོས་པ་ཐུགས་ལ་འཁོར་མ་ཐུབ་པར། བསམ་བློ་གཏོང་སྟངས། དད་པ་འཇོག་སྟངས། ཆོས་ཀྱི་ནང་དོན་ལ་འགྲེལ་བ་བརྒྱག་སྟངས་ཚང་མ་རང་གི་དགོན་པ་གྲྭ་ཚང་ནང་བཞིན་བྱེད་མཁན་ཡོང་སྲིད་པ་ཞིག་རེད། སློབ་གྲྭའི་ནང་དུ་འབྱོར་ཟིན་རྗེས། ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། །བསྟན་པའི་སྙིང་པོ་རིང་དུ་གནས་གྱུར་ཅིག །ཅེས་བཏོན་ནས་བཞུགས་བསྡད་ན་དེ་ནོར་བ་རེད། མཁས་པ་དང་སྒམ་པོ། དེ་བཞིན་གཞན་གྱིས་གོ་ནོར་ལ་ཞེད་མཁན་དག་གིས་འདི་འདྲ་དམར་འཇུ་བྱས་ནས་སྐད་ཆ་མི་བཤད་པ་སྲིད་མོད། གང་ལྟར་རང་ངོས་ནས་ལྷག་བསམ་ལ་སྐྱོན་མེད་པ་ཡིན་པས་ཁྱད་པར་མི་འདུག མདོར་ན། ཆ་ཤས་ཆུང་ཆུང་དེ་ཚོ་ལ་ཡང་ཐུགས་བསམ་བཞེས་དགོས་པ་ཡིན། ཡིན་དང་ཡིན། རྙིང་མ་པ་ཞིག་གིས་ཀྱང་ལྟ་གྲུབ་དགེ་རྒན་གྱི་མིང་ཐོག་ནས། ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཟེར་ནས་བསླབས་བསྡད་ན་ཡང་གཅིག་པ་རེད། ནང་ཆོས་དང་འབྲེལ་བའི་སློབ་ཚན་ཡང་དེ་ནང་བཞིན་ཐུགས་བསམ་བཞེས་དགོས།

མདོར་ན་ཆོས་བརྒྱུད་སུ་འདྲ་ཞིག་ཡིན་ཡང་། རང་རང་གི་ཁོང་སུ་གཏོགས་པའི་བཙུན་མའི་དགོན་པ་དེའི་གཞི་རྩའི་སློབ་གཉེར་དང་འཛིན་སྐྱོང་སོགས་སོ་སོས་འགན་འཁུར་དགོས་པ་ཞིག་ཡིན། ཁུར་ཐུབ་གི་ཡང་རེད།

ཡང་གཞུང་གི་ངོས་ནས་བཙུན་མའི་ལས་འཆར་དང་ཟབ་སྦྱོང་དེ་འདྲ་དམིགས་བསལ་ཡོད་ན་ཡོད་ལོས་ཆོག དེ་ཡང་ཆོས་བརྒྱུད་རེས་མེད་ཀྱི་བཙུན་དགོན་སྤྱི་ལ་ཁྱབ་པ་ཞིག་དགོས།

དེང་སང་༧གོང་ས་མཆོག་ཀྱང་ཆོས་ལུགས་བྱེ་བྲག་པར་ཉེ་བ་ཡོད་ལྟ་བུའི་ལྟ་ཚུལ་འཛིན་མཁན་མེད་པ་མིན་ཞིང་། དེ་ཡང་ངས་ནི་སྙིང་ཐག་པ་ནས་༧གོང་ས་མཆོག་དེ་ལྟར་ཡིན་པར་སྙམ་གྱི་མེད། ང་ཚོས་ཇི་ལྟར་བརྟགས་ཤིང་དཔྱད་པ་དེ་ལྟར་༧གོང་ས་མཆོག་གིས་ངོས་ནས་ནི་སུ་ཞིག་གིས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་གིན་ཡོད་ན་དེ་ལ་ཐེ་ཚོམ་མེད་པར་ཡོངས་བསྒྲགས་བསྔགས་བརྗོད་དང་ཐུགས་བརྩེ་གནང་གིན་རེད། ཞེ་ས་མ་ཞུས་ན་ཧ་ཅང་ཁ་རུ་ཁ་ཐུག་དང་དྲང་པོ་དྲང་བཞག་རེད། དཔེར་ན། གྲུབ་དབང་རིན་པོ་ཆེའི་ཕྲིན་ལས་ལས་བྱུང་བའི་རྣམ་གྲོལ་གླིང་དང་། མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་དང་རྫོང་སར་བཤད་གྲྭ་སོགས་ལ་དམིགས་བསལ་བསྔགས་བརྗོད་དང་ཐུགས་རེ་ཧ་ཅང་ཆེན་པོ་གནང་གི་ཡོད་པ་ང་ཚོས་ཤེས་གསལ་ལྟར་རེད།

དེ་བཞིན་དུ། བྱེས་ཀྱི་ཇོ་ནང་དགོན་དང་། རྫོགས་ཆེན་དགོན་སོགས་མང་པོ་ཞིག་ལ་སྐུ་དངོས་ཀྱིས་ཞལ་བཀོད་དང་བདག་རྐྱེན་ཆེན་པོ་གནང་སྟེ། མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་གཏོང་ཕྱོགས་བཅས་ལ་བཀའ་དྲིན་གྱིས་ག་འདྲ་བསྐྱངས་མྱོང་བ་དེ་ཚོའི་ཐད་ལ་ངས་རང་ཉིད་གོ་བ་ཚད་ལྡན་ལེན་ཤེས་མཁན་ཞིག་ཡིན་པར་སྙམ་གྱི་ཡོད། ཡིན་ན་ཡང་།  ཚུལ་བཞིན་མ་ཡིན་པའི་ཇི་གསུང་བཀའ་སྒྲུབ་བྱེད་མཁན་དག་གི་བྱེད་སྟངས་མ་ཤེས་པའི་བྱེད་བབ་ཀྱིས་གཞན་པ་ཚོ་ལ་མཐོང་ཚུལ་སྣ་ཚོགས་བཟོས་པ་དེ་འདྲ་བྱུང་ཡོད་པ་རེད། དེའི་རིགས་ལ་ཧ་ཅང་གཟབ་གཟབ་དགོས་པ་ཡིན།

Share this:
༣༢༣ ཀློག་གྲངས།