ལག་བསྟར་བྱེད་མཁན་གཞན་ཁོ་ན་ཡིན་ནམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༡༨  ཕྱི་ལོ་ ༢༠༡༨/༩ /༢༦

བཀའ་ཤག་གི་ངོས་ནས་ལྔ་དང་ལྔ་བཅུའི་ལས་འཆར་གྱི་ཐོག་ལ་འཆར་གཞི་དང་ལས་རིམ་མང་དག་ཅིག་བསྒྲིགས་འདུག་པ་དང་། དེ་དང་འབྲེལ་བའི་ཐོག་ནས་བགྲོ་གླེང་དང་ཚོགས་འདུ་ཡང་མང་པོ་ཞིག་འཚོགས་སོང་། ལྔ་དང་ལྔ་བཅུ་ཞེས་བརྗོད་ནའང་འདྲ། དོན་དུ་༧གོང་ས་མཆོག་གིས་“རེ་བ་བཟང་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱེད་”ཅེས་པའི་གདམས་ངག་གསེར་ཞུན་མ་ཞིག་བསྩལ་ཡོད་པ་དེའི་དགོངས་དོན་རེད། རེ་བ་བཟང་ས་ནས་རྒྱག་དགོས་པ་གལ་ཆེན་པོ་ཡིན་པ་བཞིན། ཉེ་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མ་འོངས་པའི་ལོ་རེ་གཉིས་ནང་རྒྱ་ནག་དང་བོད་དུ་ཆིབས་སྒྱུར་བསྐྱང་ཐུབ་པའི་རེ་བ་ཡོད་ཅེས་བཀའ་བསྩལ་བ་ལྟར། མགོན་པོ་གང་ཉིད་ཀྱི་ཐུགས་རེ་ལྟར་ན་མ་འོངས་པར་ལོ་བཞི་ལྔའི་ནང་འགྱུར་བ་ཞིག་འགྲོ་སྲིད་པས། དེ་ལུགས་རེ་བ་བཟང་ས་ནས་བརྒྱབ་སྟེ་ལས་རིམ་སྒྲིག་དགོས་པ་མ་ཟད། གལ་སྲིད་མ་བྱུང་བར་མི་ལོ་ལྔ་བཅུའི་རིང་བཙན་བྱོལ་དུ་གནས་དགོས་བྱུང་ཡང་། མུ་མཐུད་ནས་བོད་པའི་ངོ་བོ་དང་རིག་གཞུང་འཐབ་རྩོད་བཅས་མི་བརླག་པར་གནས་ཐུབ་ཆེད་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་དེ་གལ་ཆེན་པོ་རེད།

བཙན་བྱོལ་བོད་མི་ཕལ་མོ་ཆེའི་བསམ་བློའི་ནང་དུ་ད་དུང་ཟས་གོས་སྡོད་གསུམ་གྱི་གནས་སྟངས་དེ་གལ་ཆེ་ཤོས་སུ་བརྩི་བཞིན་ཡོད་པ་དང་། དོན་དུའང་ཟས་གོས་སྡོད་གསུམ་ནི་མི་ཞིག་ལ་མཚོན་ན་མེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་ཀྱང་། མི་རིགས་ཤིག་འཆི་གསོན་གྱི་གནད་དོན་དང་འབྲེལ་བའི་ཐོག་ནས་བཤད་ན། གནས་སྐབས་ཟས་གོས་སྡོད་གསུམ་གྱི་གནས་སྟངས་ཙམ་ལ་བསམ་བློ་བཏང་ནས་མ་འོངས་པར་མི་རིགས་སམ་རང་ཉིད་ཀྱི་རིགས་རྒྱུད་ཐད་ནས་འཐུས་ཤོར་འགྲོ་བཞིན་པའི་གནས་སྟངས་དེ་ད་ལྟ་མིག་མདུན་དུ་གསལ་པོ་མཐོང་རྒྱུ་ཡོད་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་བཙན་བྱོལ་བོད་མི་ཕལ་མོ་ཆེ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་རྒྱུའི་དམིགས་ཡུལ་སེམས་ལ་བཟུང་ཡོད་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་ནས་ཁ་འཐོར་དུ་གནས་སྡོད་བྱེད་དགོས་པར་བརྟེན། མ་འོངས་པའི་མི་ལོ་ལྔ་བཅུའི་ནང་བོད་ཡིག་ཡག་པོ་ཤེས་མཁན་གཅིག་ཀྱང་མེད་པར་འགྱུར་ངེས་པ་དང་། རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བོད་པའི་ནང་དུའང་ཕལ་ཆེར་དཀའ་ལས་ཁག་པོ་ཆགས་སྲིད་པས། གདོང་ལེན་བྱེད་ཡུལ་ཆེ་ཤོས་གནད་དོན་འདི་རེད་སྙམ།

བོད་ཀྱི་སྐད་ཡིག་བརླག་སོང་ན་བོད་ཀྱི་ཆོས་དང་རིག་གཞུང་ཚང་མ་བརླག་སོང་བ་ཡིན་པས། མ་འོངས་པར་བུ་ཚ་ཕྱི་རབས་པ་རྣམ་པ་མིག་ཆུང་ཆུང་དང་སྣ་ལེབ་ལེབ་ཀྱི་བཟོ་ལྟ་ཙམ་ཡང་སྡོད་དཀའ་བ་དང་། མི་རིགས་གཞན་དང་གཉེན་སྒྲིག་མཐུན་སྡེབ་བྱེད་མཁན་མང་བས། ཕ་མེས་བོད་པ་ཡིན་པའི་སྐྲ་སེར་མིག་ལྗང་ཅན་འབའ་ཞིག་ཏུ་འགྱུར་མི་སྲིད་པ་མ་རེད། གལ་སྲིད་བཟོ་ལྟ་ཙམ་བོད་པའི་རྣམ་པ་ལྟ་བུར་གནས་ཡོད་ཀྱང་། བོད་ཡིག་བོད་སྐད་མི་ཤེས་པས་དོན་གྱིས་བོད་པ་ངོ་མ་ཞིག་རེད་ཅེས་བཤད་དཀའ་བ་ཞིག་རེད། བཙན་བྱོལ་ནང་བོད་ཀྱི་ཆོས་དང་རིག་གནས་སྐད་ཡིག་སོགས་རྒྱུད་འཛིན་དགོས་པའི་ལས་འགུལ་དང་འབོད་སྐུལ་བྱེད་མཁན་ཧ་ཅང་མང་ནའང་། འབོད་སྐུལ་བྱེད་མཁན་དེ་དག་གིས་རང་ཉིད་ཀྱི་བུ་ཕྲུག་དང་། རང་ཉིད་ཀྱིས་རང་ཉིད་ཀྱི་འབོད་སྐུལ་ལམ་བཀའ་སློབ་དེ་དག་ལག་བསྟར་བྱེད་བཞིན་ཡོད་མེད་རེ་རེ་བཞིན་བལྟས་ཡོང་དུས་ཡིད་སྐྱོ་དགོས་པ་ཞིག་ལས་རེ་བ་ཆེན་པོ་རྒྱག་ས་མེད་པ་ལྟ་བུར་གྱུར་ཡོད། ཆོས་དང་རིག་གནས་རྒྱུད་འཛིན་བྱེད་རྒྱུ་གལ་ཆེན་པོ་ཡིན་ན་དང་པོ་ཆོས་དང་རིག་གནས་སྦྱོང་མཁན་ཡོད་དགོས།

བཙན་བྱོལ་བོད་མི་རྣམས་ཀྱིས་ཆོས་དང་རིག་གནས་བདག་པོ་རྒྱག་དགོས་པ་དེ་བོད་པ་སྤྱི་ཡོངས་ཀྱི་ཆེད་དུ་རེད་ཅེས་བརྗོད་རྒྱུའི་སྤོབས་པ་དེ་ཙམ་མེད་ཀྱང་། བཙན་བྱོལ་བོད་མི་འབུམ་གཅིག་དང་ཕྱེད་ལ་ཉེ་བ་དེ་དག་ཡུལ་ལུང་སོ་སོའི་མི་རིགས་ཀྱི་ངོ་བོར་ཐིམ་མི་འགྲོ་བའི་ཆེད་དུ་བསམ་བློ་གཏོང་དགོས་པ་ཞིག་རེད། མི་ཚང་མ་གཞན་ལ་བཀའ་སློབ་གནང་མཁན་ཙམ་ལས། རང་ཉིད་ལག་བསྟར་བྱེད་མཁན་མིན་པའི་སྣང་ཚུལ་འདི་མཐོང་ཡོང་དུས་རེ་བ་གང་ཡང་མེད་པར་གྱུར་འདུག དཔེར་ན་བོད་ཡིག་དགེ་རྒན་རེ་ཟུང་གིས་བུ་ཕྲུག་དབྱིན་ཇིའི་སློབ་གྲྭར་སྐྱེལ་བ་དང་། གཞན་ལ་སྐད་ཡིག་སྦྱོང་དགོས་ཚུལ་དང་། ཅ་དངོས་གསར་པ་རྣམས་ཀྱི་ཐ་སྙད་མི་ཤེས་པར་འཕྱ་སྨོད་བྱེད་མཁན་དག་གིས། རང་ཉིད་ཀྱིས་བོད་ཡིག་ཚིག་གྲུབ་གཅིག་ཀྱང་འབྲི་མི་ཤེས་ནའང་། ཡར་རྒྱས་གཏོང་འཆར་མེད་པ་ལྟ་བུ་བཙན་བྱོལ་བོད་མིའི་བསམ་བློར་འགན་ཡོངས་རྫོགས་གཞན་གྱིས་ཁུར་དགོས་པ་ལས། རང་ཉིད་ལ་འགན་ཡོད་པ་གཏིང་ནས་བརྗེད་འདུག

མདོར་ན་དབུ་མའི་ལམ་གྱི་སྙིང་དོན་ནམ་མི་རིགས་ས་གནས་རང་སྐྱོང་ཡོང་བའི་བསམ་འཆར་ཡིག་ཆའི་ནང་གསལ་བ་བཞིན། ང་ཚོའི་རེ་བ་ནི་ཆོས་དང་རིག་གནས་རྒྱུད་འཛིན་བྱ་རྒྱུ་ཁོ་ནའི་ཆེད་དུ་རེད། ཆོས་དང་རིག་གནས་ཞེས་རླབས་ཆེ་མདོག་གིས་མང་པོ་ཞིག་བཤད་ཀྱང་། ད་ལྟའི་ཆར་ཆོས་ལ་བདག་པོ་རྒྱག་མཁན་བཙན་བྱོལ་བོད་མིའི་ནང་གྲྭ་པ་དང་བཙུན་མ་བྱེད་མཁན་ག་ཚོད་ཙམ་ཡོང་གི་འདུག ནང་པའི་ཆོས་དང་རིག་གནས་ཀྱི་ཤེས་ཚད་ཡོད་མཁན་ག་ཚོད་ཙམ་ཡོད་མེད་དེ་གསལ་པོར་གྱུར་ཡོད་པས། མི་རིགས་ཀྱི་ངོ་བོ་བརླག་སོང་ན་ཆབ་སྲིད་དང་བདག་དབང་གི་སྐད་ཆ་འདི་ཚོ་ཡང་སྟོང་པ་སྟོང་རྐྱང་ཞིག་ཏུ་འགྱུར་ངེས་ཡིན། མ་འོངས་པར་རྒྱ་བལ་ཁུལ་གྱི་སློབ་གྲྭ་རྣམས་ཚགས་ཚུད་དུ་གཏོང་དགོས་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་སློབ་གྲྭ་གསར་འཛུགས་བྱེད་ཐུབ་པར་ཕྱོགས་ཡོངས་ནས་ཤུགས་རྒྱག་ཐུབ་ན། ང་ཚོའི་ཚེ་ཐག་རིང་དུ་གཏོང་ཐུབ་པ་ལས། གཞན་མི་ལོ་ལྔ་བཅུའི་རྗེས་སུ་བཙན་བྱོལ་བོད་མི་རྣམས་མིང་གི་ལྷག་མ་ཙམ་དུ་འགྱུར་རྒྱུ་ཡིན་པ་དེ་སྨྲོས་མི་དགོས་པ་རེད།།

Share this:
༡༠༠ ཀློག་གྲངས།