ཨ་རིས་རྒྱ་མི་ཞིག་གསང་མྱུལ་བའི་ཉེས་འཛུགས་འོག་བཀག་ཉར་བྱས་འདུག

རྒྱ་མི་ཅཱི་ཁྲའོ་ཆིན་ཞེས་པར་རྒྱ་ནག་གི་ཚད་མཐོའི་གསང་མྱུལ་ཚན་པའི་ལམ་སྟོན་འོག་ནས་གསང་མྱུལ་བྱེད་བཞིན་ཡོད་པའི་ཉེས་འཛུགས་ཐོོག་ནས་ཨ་རིས་བཀག་ཉར་བྱས་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༥ ཉིན་ཨ་རིའི་གྲོང་ཁྱེར་ཆི་ཁཱ་གྷོ་རུ་གནས་སྡོད་བྱེད་བཞིན་པའི་རྒྱ་མི་རང་ལོ་༢༧ སོན་པའི་ཅཱི་ཁྲའོ་ཆིན་(Ji Chaoqun)ཞེས་པ་རྒྱ་ནག་གི་གསང་མྱུལ་བ་ཡིན་པའི་དོགས་གཞིའི་འོག་ནས་ཨ་རིའི་གཞུང་གིས་བཀག་ཉར་བྱས་ཡོད་འདུག་པ་དང་། ཁོ་ལ་རྒྱ་ནག་གཞུང་གིས་ཨ་རིའི་ཚན་རིག་པ་དང་། བཟོ་སྐྲུན་འཆར་འགོད་པ། དེ་བཞིན་ཨ་རིིར་དམག་གི་གོ་མཚོན་མཐུན་སྦྱོར་གྱི་བོགས་མ་ལེན་མཁན་བཅས་ཁྱོན་མི་༨ ཀྱི་ཞིབ་ཕྲའི་གནས་ཚུལ་ལེན་རྒྱུའི་ལས་འགན་སྤྲད་ཡོད་སྐོར་གྱི་གནས་ཚུལ་ཡོད་འདུག

ཁ་སང་ཨ་རི་ཆི་ཁཱ་གྷོའི་ཁྲིམས་ཁང་ནས་སྐར་མ་༡༥ རིང་རྒྱ་མི་དེར་ཉན་ཞིབ་བྱས་ཡོད་འདུག་པ་དང་། ཨ་རིའི་གཞུང་ནས་རྒྱ་མི་དེས་རྒྱ་ནག་གི་ཚད་མཐོའི་གསང་མྱུལ་ཚན་པའི་ལམ་སྟོན་འོག་གསང་མྱུལ་བ་བྱས་ཡོད་པའི་དོགས་གཞི་ཡོད་སྐོར་དང་། ནག་ཉེས་གསལ་པོ་ར་སྤྲོད་བྱུང་ཚེ་མང་མཐར་ལོ་༡༠ ཡས་མས་ཀྱི་བཙོན་འཇུག་ཁྲིམས་ཆད་ཕོག་རྒྱུ་ཡིན་སྐོར་བརྗོད་འདུག  ཅཱི་ཁྲའོ་ཆིན་གྱིས་ཁོ་རང་བཀག་ཉར་འོག་ཡོད་པའི་གནས་སྟངས་དེ་ཁྲིམས་རྩོད་པ་ཞིག་བརྒྱུད་དེ་རྒྱ་ནག་གཞུང་ཚབ་ཁང་ལ་བརྡ་ལན་སྤྲད་རྒྱུའི་རེ་སྐུལ་བྱས་ཡོད་འདུག་ཀྱང་། ཁྲིམས་དཔོན་མཱ་སོན་གྱིས་ད་ལྟའི་ཆར་ཅཱི་ཁྲའོ་ཆིན་མུ་མཐུད་དམ་དྲག་འོག་བཞག་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག་ཁར། ལག་ལྕགས་བརྒྱབས་ནས་བཀག་ཉར་ཁང་དུ་ཁྲིད་ཡོད་འདུག་པ་དང་། ཡང་བསྐྱར་ཉན་ཞིབ་ག་དུས་བྱ་མིན་གྱི་དུས་ཚོད་ཀྱང་ད་ལྟའི་ཆར་སྤྲད་མེད་འདུག

ཅཱི་ཁྲའོ་ཆིན་ནི་ཕྱི་ལོ་༢༠༡༣ ལོར་སློབ་མའི་ཐོངས་མཆན་ཐོག་རྒྱ་ནག་ནས་ཨ་རིར་སླེབས་ཏེ། ཨ་རིའི་ཆི་ཁཱ་གྷོའི་ཨི་ལི་ནོའུ་ཡེ་སི་འཕྲུལ་ལས་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས་ཡོད་འདུག་པ་དང་། དེ་རྗེས་ཕྱི་ལོ་༢༠༡༦ ལོར་ཁོས་ཨ་རིའི་དམག་ནང་འཛུལ་ཞུགས་བྱ་ཆེད་ཐོ་འགོད་བྱས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༣༠༡ ཀློག་གྲངས།