ཨ་རིས་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་འདུག

རྒྱ་ནག་གཞུང་ནས་ཨ་རི་བ་རྣམས་བོད་ནང་འགྲོ་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་ལྟར། རྒྱ་ནག་གི་འབྲེལ་ཡོད་རྣམས་ཀྱང་ཨ་རི་ནང་ཡོང་རྒྱུར་བཀག་སྡོམ་བྱ་རྒྱུའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་ཡོད་འདུག

ཕྱི་ཟླ་༩ པའི་ཕྱི་ཚེས་༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གསར་གནས་སུ་གནས་ཚུལ་སྤེལ་བ་ལྟར་ན། ནམ་རྒྱུན་ནས་རྒྱ་གཞུང་གིས་ཨ་རིའི་གཞུང་འབྲེལ་མི་སྣ་དང་། གསར་འགོད་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག ཨ་རིར་གནས་སྡོད་བོད་མི་ཐེ་བའི་ཨ་རིའི་མི་སེར་རྣམས་བོད་ནང་འགྲོ་རྒྱུར་བཀག་སྡོམ་བྱེད་བཞིན་པ་ལྟར། འབྲེལ་ཡོད་རྒྱ་ནག་བ་རྣམས་ཀྱང་ཨ་རིར་ཡོང་རྒྱུར་དེ་མཚུངས་ཀྱི་བཀག་སྡོམ་བྱ་ཆེད། བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་(Reciprocal Access to Tibet Act)ཞེས་པ་ཞིག་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཕྱི་ཟླ་༩ པའི་ཕྱི་ཚེས་༢༥ ཉིན་གཏན་འབེབས་གནང་ཡོད་འདུག

ཁྲིམས་འཆར་དེ་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཇིམ་མེཀ་གྷོ་ཝེན་(Jim McGovern) གྱིས་གཙོ་བོར་བཏོན་ཏེ། དེར་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Randy Hultgren) ཀྱིས་རྒྱབ་སྐྱོར་བྱས་ནས་ཨ་རིའི་གྲོས་ཚོགས་འོག་མའི་ནང་འཁྱེར་ཡོང་བ་ཞིག་ཡིན་འདུག ཁྲིམས་འཆར་དེ་གྲོས་ཚོགས་སུ་གཏན་འབེབས་བྱུང་སྐབས་སྐུ་ཞབས་ཇིམ་མེག་གྷོ་ཝེན་གྱིས། ཉིན་དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་ཕྱིར་དུ་ཉིན་མོ་གལ་ཆེན་ཞིག་ཆགས་ཡོད་པ་དང་། ཨ་རིའི་ངོས་ནས་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་རྒྱབ་སྐྱོར་བྱེད་དགོས་པ། དེ་བཞིན་རྒྱ་ནག་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་དེ་དག་ཐེར་འདོན་བྱེད་དགོས་པ་བཅས་གསུངས་ཡོད་འདུག་པ་མ་ཟད། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ཨི་ལེ་ཡ་ན་ལེ་ཊི་ནེན་(Ileana Ros-Lehtinen) གྱིས་ཀྱང་། ད་རེས་ཀྱི་ཁྲིམས་འཆར་འདི་བོད་མི་ཚོར་རྒྱབ་སྐྱོར་དང་། རྒྱ་ནག་ནས་ཨ་རིར་སྡང་ཟུག་གི་སྲིད་བྱུས་འཛིན་བཞིན་པ་དེེར་ལན་སློག་རྒྱུ་བཅས་གནད་དོན་དེ་གཉིས་ཀའི་ཐོག་ལ་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་ཡོད་འདུག

བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་འདི་གཏན་འབེབས་གནང་ཐབས་སུ་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཌི་སི་རུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་འབྲེལ་ཡོད་སོགས་ཀྱིས་དེ་སྔོན་སྔ་ཕྱི་ཞུ་སྐུལ་རིམ་པ་གནང་བ་བརྒྱུད། ཉེ་ཆར་ཕྱི་ཟླ་༧ ནང་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་དོན་ཚོགས་ཆུང་ནས་ཁྲིམས་འཆར་འདིར་སྤྱི་མོས་ཐོག་ནས་རྒྱབ་སྐྱོར་གནང་ཡོད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་(Matteo Meccaci) ཡིས་ད་ཐེངས་ཁྲིམས་འཆར་འདི་ཨ་རིའི་གྲོས་ཚོགས་འོག་མའི་ནང་གཏན་འབེབས་བྱུང་བ་ལྟར། སླད་མ་འོངས་པར་ཨ་རིའི་གྲོས་ཚོགས་གོང་མའི་ནང་དེ་ལྟར་གཏན་འབེབས་གནང་ཐུབ་རྒྱུའི་ཐོག་ལ་དོ་སྣང་བྱེད་དགོས་སྐོར་གསུངས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share this:
༡༤༢༤ ཀློག་གྲངས།