ཨོ་སི་ཐྲོ་ལི་ཡར་བོད་པ་གཏོང་ཕྱོགས་དང་འབྲེལ་བའི་འཆར་སྣང་དང་འབོད་སྐུལ།

རྩོམ་པ་པོ། རྫ་ཚེ་རིང་བཀྲ་ཤིས།

རང་རེའི་གཞུང་གིས་བོད་ནས་གསར་དུ་འབྱོར་བ་དག་ལ་བདག་རྐྱེན་གནང་མིན་ཐད་གྲོས་ཚོགས་ཀྱི་ནང་དུ་བཀའ་མོལ་འདྲ་མིན་གནང་མཁན་ཡོད་ངེས་རེད།

ཡིན་ན་ཡང་ངས་བསམ་ན་གང་ཅིའི་ཐད་ནས་བདག་རྐྱེན་ཧ་ཅང་མང་པོ་གནང་བ་རེད། རྒྱ་གར་དུ་གནས་སྐོར་ལ་ཡོང་བ་དང་། སློབ་གཉེར་ལ་ཡོང་བ། ཆབ་སྲིད་དང་འབྲེལ་བའི་གནད་དོན་དངོས་ཀྱི་ཐོག་ནས་ཡོང་བ་གང་ཡིན་ཡང་། རིམ་པ་མི་འདྲ་བའི་མཐུན་རྐྱེན་སྦྱར་ཡོད།

དེའི་ནང་གི་དཔེ་མཚོན་གལ་ཆེན་པོ་ཞིག་ནི་ཆབ་སྲིད་བཙོན་ཟུར་དང་དང་འབྲེལ་ཡོད་འབྲེལ་ཆགས་དང་བཅས་པ་ཨོ་གླིང་དུ་གཏོང་རྒྱུའི་ལས་རིམ་རིང་པོ་དེ་རེད།

ལས་གཞིའི་འོག་ནས་ད་བར་མི་གྲངས་སྟོང་ཕྲག་ཁ་ཤས་ཤིག་དངོས་སུ་ས་ཆ་འདིར་ཡོང་ཐུབ་ཡོད་པ་རེད། དེ་ནི་བཀའ་དྲིན་ཧ་ཅང་ཆེན་པོ་ཞིག་རེད། ཡིན་ན་ཡང་། ལས་གཞི་འདི་ལག་བསྟར་ཁྲོད་ནས་ཆབ་སྲིད་བཙོན་ཟུར་རྫུན་མ། འབྲེལ་ཆགས་རྫུན་མ། དེ་དག་གི་ནང་མི་དང་བཟའ་ཟླ་རྫུན་མ་སོགས་བདེ་སྲུང་ལས་ཁུངས་ཀྱིས་རིག་ས་མཐོང་ས་ནས་གནད་དོན་ཡང་ངེས་ཅན་བྱུང་ཡོད་ངེས་རེད། དེ་འདྲའི་རྒྱབ་ལྗོངས་འོག་ནས་དངོས་སུ་ཡོང་རྒྱུའི་ཐོབ་ཐང་ཡོད་མཁན་དག་གི་རང་ཉིད་ཀྱི་ནང་མི་དངོས་དང་འབྲེལ་ཡོད་དག་མཉམ་དུ་ཡོང་རྒྱུར་དགོས་ངེས་ཀྱི་ཐོབ་ཐང་ལེན་རྒྱུར་ལམ་སྟོན་ཚད་ལྡན་མ་བྱུང་བ་དང་། སྐད་སྒྱུར་གྱིས་ཐོབ་ཐང་དེ་ཚོ་ངོ་ཡག་པོ་མ་སྤྲད་པ། རང་ངོས་ནས་འགྲོ་སྟངས་མ་ཤེས་པ་སོགས་ཀྱི་དཀའ་ངལ་དང་འོས་མིན་གྱི་འཐུས་ཤོར་ཡང་མང་པོ་བྱུང་ཡོད།

དཔེར་ན། གུས་པའི་ཕ་ཡུལ་གཅིག་པ་ད་ལྟ་ཨོ་གླིང་དུ་ཡོད་པ་བུ་མོ་བསྟན་འཛིན་ཉི་སྒྲོན་ལྟ་བུ་ལ་མཚོན་ན་བོད་ཁྱིམ་སློབ་གྲྭའི་སློབ་མ་ཞིག་ཡིན་པ་དང་། མོའི་ཕ་དེ་ཉིད་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ལྷ་ས་ནས་འཛིན་བཟུང་ཐེབས་ཏེ་ལོ་ཧྲིལ་པོ་བཅུའི་རིང་བཙོན་དུ་བཅུག་སྟེ་ཉེ་ཆར་ཀློད་གྲོལ་ཐོབ་ཙམ་རེད། རྒྱ་གར་དུ་ཁོང་དང་ཁོང་གི་ནུ་མོ་གཉིས་ཡོད་ན་ཡང་། ཁོང་ཡོང་སྐབས་འབྲེལ་ཡོད་གཅིག་ལས་རྒྱན་ཁོངས་སུ་ཞུགས་མི་ཆོག་པ་རེད་འདུག་ན་ཡང་། མོ་རང་རྒྱན་ཁོངས་སུ་ཞུགས་ནས་ཐོབ་རྗེས་མོའི་ཕ་མ་གཅིག་པ་དང་ཕ་བཙོན་ཁང་ན་ཡོད་བཞིན་པ། ཕྱི་ལོགས་སུ་ཡང་མོ་ནི་ནུ་མོ་དེ་ལ་མཚོན་ན་ཕ་མ་གཉིས་ཀྱི་ཚབ་ལྟ་བུ་ཡང་ཡིན་ན་ཡང་། མོ་ལ་ཐོ་འགོད་བྱེད་སྟངས་ཀྱི་ལམ་སྟོན་ཡག་པོ་ཞིག་མ་ཐོབ་པར་མ་ཟད། ཉེ་འབྲེལ་སོགས་གཞན་ཡོད་པར་བཤད་ན་མོ་རང་ཉིད་ཀྱང་ཨོ་གླིང་དུ་འགྲོ་ཐུབ་རྒྱུར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་སྤྲོད་སྲིད་པའི་སྐད་ཆ་བཤད་མཁན་བྱུང་སྟབས། ལོ་བཅུ་གྲངས་ལས་མིན་པའི་སློབ་ཕྲུག་བུ་མོ་དེས་རང་གི་ནུ་མོ་མཉམ་དུ་འཁྲིད་ཐུབ་མེད། ལར་ཡིན་ན། མོ་ལ་རྒྱན་ཐོབ་ན་དེའི་ནང་མིའི་མིང་ཐོག་ནས་ཡོང་ཆོག་པ་ནི་ཐོབ་ཐང་ཆགས་ཡོད། འོན་ཀྱང་ལོ་ན་ཆུང་བའི་མོས་ཐོབ་ཐང་དེ་ལེན་མ་ཤེས་པ་རེད།

ད་ཆ་བཀའ་ཤག་དང་བཅས་པས་གནས་ཚུལ་དེ་ཤེས་ཀྱི་ཡོད་འདུག་ལ། གྲོས་ཚོགས་ནང་དུ་ཡང་གླེང་སློང་བྱུང་ཟིན་པ་རེད་འདུག དེ་བཞིན་མོའི་ཕ་ཀློད་གྲོལ་བཏང་བ་སོགས་ཀྱང་གསར་ལམ་ཁག་ཏུ་དངོས་སུ་ཐོན་ཡོད་ན་ཡང་། འབྲེལ་ཡོད་ཞིག་ལ་མི་གཅིག་ལས་རྒྱན་ཁོངས་སུ་ཞུགས་མི་ཆོག་པའི་སྒྲིག་ཡིག་གི་འབྲུ་དོན་གྱིས་ཚད་བཀག་བཟོས་ཏེ། ད་ཆ་ཡང་རྒྱ་གར་དུ་ལྷག་ཡོད། ངས་བསམ་ན་དེ་དང་དེ་འདྲ་བའི་དངོས་ཡོད་ཀྱི་དཀའ་ངལ་ཅན་ཞིག་ལ་གྲོས་ཚོགས་ཀྱིས་ལམ་ཀ་ཞིག་བཟོ་ཐུབ་རྒྱུ་རེད་སྙམ།

དཔེར་ན། ཐའེ་ཝན་དུ་ཡང་སྔར་བོད་པ་ཡིག་ཆ་མེད་པ་མང་པོ་ཞིག་ཡོད་པ་ལ། ༧གོང་ས་མཆོག་ཕེབས་སྐབས་ལེགས་སྐྱེས་ཀྱི་ཚུལ་དུ་གྲོས་ཚོགས་ནས་དུས་བཀག་ཅན་གྱི་གྲོས་ཆོད་ཀྱི་གྲོས་འཆར་ལ་རྒྱབ་གཉེར་གནང་ནས་དམིགས་བསལ་སྒྲིག་གཞི་བཟོས་ནས་བོད་པ་བརྒྱ་སྐོར་ཞིག་ལ་ཐད་ཀར་སྐྱབས་བཅོལ་སྤྲད་པ་རེད། དེ་ནས་ཡིག་ཆ་དེའི་ནུས་པ་ཐོན་རྒྱུར་དུས་བཀག་བཟོས་པ་དེ་འདྲ་བྱས་འདུག

སྤྱིར་ཨོ་གླིང་ནི་གནས་སྤོའི་རྒྱལ་ཁབ་ཅིག་ཡིན་པས་ལོ་རེ་རེ་བཞིན་ཡུལ་འདིར་གནས་སྤོ་བྱས་ནས་གཏན་སྡོད་བྱེད་མཁན་འབུམ་ཕྲག་མང་པོ་ཡོང་གིན་ཡོད་པ་རེད། དཀྱིལ་ཤར་ཡུལ་གྲུ་དང་ཨ་ཧྥི་རི་ཁ་སོགས་ཀྱི་སྐྱབས་བཅོལ་ལེན་པའི་ལས་གཞི་ཡང་རྒྱ་ཆེན་པོ་རེད། དེ་དག་དང་བསྡུར་ན་བོད་པ་ལེན་པའི་གྲངས་འབོལ་དེ་ཧ་ཅང་ཉུང་ཉུང་རེད་འདུག ཡིན་ན་ཡང་། བོད་པ་ལ་མཚོན་ན་དེ་རོགས་པ་ཧ་ཅང་ཆེན་པོ་ཞིག་རེད་ལ། ཁྱད་པར་ད་ལྟའི་བར་སྐྱབས་བཅོལ་བ་དག་གི་ནང་ནས་བོད་པ་ནི་ལྟ་སྟངས་ལེགས་ཤོས་དང་སྣང་བརྙན་ལེགས་པོ་སྐྲུན་མཁན་ཞིག་ཡིན་པ་རེད། དེས་ན་ད་དུང་ལོ་རེ་བཞིན་བརྒྱ་ཕྲག་ཁ་ཤས་ཡོང་ཐུབ་རྒྱུ་དེ་ཕལ་ཆེར་མུ་མཐུད་ཐུབ་པ་ཞིག་རེད་འདུག

དེང་གི་བཀའ་ཤག་གི་ངོས་ནས་ཕྱི་རྒྱལ་ལ་འགྲོ་མཁན་དག་ལ་དྲང་ཕྱོགས་ཀྱི་གཟིགས་ཚུལ་འཛིན་བཞིན་པ་དང་། དེ་དག་ལ་དམིགས་བསལ་དོ་སྣང་དང་བདག་སྐྱོང་གནང་བཞིན་པ་ནི་ཧ་ཅང་ཡང་དག་པ་དང་དངོས་ཡོད་ཀྱི་གནས་བབ་ལ་དགོངས་པ་བཞེས་ཐུབ་པའི་རྣམ་དཔྱོད་ལྡན་པའི་གནང་སྟངས་ཤིག་ཏུ་མཐོང་གི་ཡོད། དེང་སང་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ལ་ཁྲིམས་འགལ་གྱི་སྐྱབས་བཅོལ་ཞུ་བ་དེ་ཚོ་ལ་སྐྱབས་བཅོལ་གྱི་ཡིག་ཆ་དང་། ལས་ཀ་བྱེད་ཆོག་པའི་ལག་ཁྱེར་སོགས་ཐོབ་རྒྱུ་ཁོ་རང་ལ་ལོ་མང་པོ་འགོར་གྱི་ཡོད། ད་ལྟའི་ལས་གཞིའི་ཁྲོད་ནས་ཨོ་གླིང་དུ་ཡོང་ཐུབ་ན་དེ་དང་མི་འདྲ་བར་ལམ་སང་ལས་ཀ་བྱེད་ཆོག་པ་དང་། གཞུང་འབྲེལ་གྱི་སྐད་ཡིག་དབྱིན་ཇི་ཡིན་པས་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་དང་མི་འདྲ་བ་སོགས་བོད་པ་དག་གང་མགྱོགས་རང་གི་རྐང་པའི་སྒང་ལ་ལངས་ཐུབ་པར་ལེགས་ཆ་མང་པོ་ཡོད། ས་ཁུལ་འདི་དག་ལ་བོད་པའི་ཚོགས་སྡེ་ཅི་ཙམ་ཆེ་རུ་ཕྱིན་པ་དེ་ཙམ་དུ་བོད་ཡིག་སློབ་གྲྭ་འཛུགས་པ་སོགས་ལས་ཀ་བྱེད་པར་ཡང་ནུས་པའང་ཆེ་རུ་འགྲོ་བཞིན་ཡོད།

དེ་འདྲ་ཡིན་སྟབས། དེ་དག་མི་སྒེར་ལ་བཟང་ཕྱོགས་ཀྱི་ཆ་རྐྱེན་བླ་ན་མེད་པ་ཞིག་ཡིན་པར་མ་ཟད། རང་གཞུང་ལ་ཡང་། དངོས་སམ་བརྒྱུད་ནས་ཕན་ཐོགས་ཡོད་པ་ཞིག་ཡིན་པས་ཨོ་གླིང་གི་སྲིད་ཇུས་ཀྱིས་མུ་མཐུད་ངོས་ལེན་ཡོད་ཕྱིན་ག་ཚད་མང་བ་ཞིག་གཏོང་ཐུབ་པ་ཡིན་ནའང་ང་ཚོས་ངོས་ནས་དེ་ག་རང་གི་ཕྱོགས་ལ་ཤུགས་རྒྱག་འོས་པ་ཞིག་རེད་སྙམ།

མ་ཟད། ཉེ་ཆར་རང་ལ་ཡང་གནས་སྤོའི་མི་འབོར་མང་བའི་ས་ཁུལ་དག་དཔལ་འབྱོར་འཕེལ་ཚད་གཞན་ལས་མཐོ་བ་དང་། འབྱུང་འགྱུར་ས་ཁུལ་འགའ་ཤས་ལ་མི་འབོར་འཕར་ངེས་ཡིན་པའི་གསར་འགྱུར་དངོས་སུ་ཐོན་ཡོད། དཔེར་ན། མངའ་སྡེ་ཁྲ་སི་མ་ནི་ཡར་ད་ཆ་མི་འབོལ་ཁྲི་ལྔ་བཅུ་ང་གཉིས་ཡོད་པ་དེ། གཞུང་གི་ངོས་ནས་ལོ་ལྔའི་ནང་ལ་མི་གྲངས་འབུམ་གཅིག་ལྷག་འཕར་རྒྱུའི་ཚོད་དཔག་བྱས་ཡོད་ལ། དཔལ་འབྱོར་རིག་པ་བ་འགས་འབུམ་གསུམ་ལྷག་གིས་མང་དུ་འགྲོ་རྒྱུར་ཚོད་དཔག་བྱས་ཡོད་ལ། དེ་ནི་ཁོང་ཚོའི་ས་ཁུལ་འདིའི་དཔལ་འབྱོར་ཡར་རྒྱས་ཀྱི་སྒུལ་ཤུགས་སུ་ཡང་ངོས་འཛིན་གྱིན་འདུག

དེ་འདྲ་ཡིན་དུས། ང་ཚོས་ཨོ་གླིང་ལ་ཡང་གལ་ཏེ་སྲིད་གཞུང་གིས་མུ་མཐུད་དང་ལེན་གནང་ན། གོ་ཐོས་ལ། ད་ཡོད་གཏོང་མ་ཟིན་པའི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་ཀྱི་གྲངས་ཀ་དེ་ཙམ་མང་པོ་མེད་པ་དང་། ཨོ་སི་ཐྲི་ལི་ཡའི་གཞུང་གིས་བོད་པ་སྐྱབས་བཅོལ་ལེན་པའི་ལས་གཞིའི་ཁོངས་སུ་མུ་མཐུད་དེ་ལས་མང་ཙམ་དང་ལེན་བྱ་རྒྱུའི་སྲིད་ཅུས་ཡོད་པ་ལྟ་བུར་འདུག་པས། གལ་ཏེ་དེ་བདེན་པ་ཡིན་ན། རང་གཞུང་གི་ངོས་ནས་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཁོ་ན་གཏོང་རྒྱུའི་སྲིད་ཇུས་དེར་འགྱུར་བ་ཅུང་ཟད་བཏང་ནས། ཆབ་སྲིད་བཙོན་ཟུར་འབྲེལ་ཡོད་དང་བཅས་པ་གང་ཡོད་པ་དེ་དག་གི་རྨང་གཞིའི་ཐོག ཁོངས་གཞན་དང་གཞན་ནས་ཀྱང་ངེས་ཅན་ཞིག་རྒྱན་ཁོངས་སུ་ཞུགས་ཆོག་རྒྱུར་སྒྲིག་གཞི་བཟོ་ཆོག་པ་ཞིག་རེད། དེའི་ཕྱོགས་ལ་དགོངས་པ་བཞེས་རྒྱུ་དེ་ཡང་ད་ཆ་ཕལ་ཆེར་ཧ་ཅང་སྐབས་སུ་བབ་ཡོད་པ་ཞིག་ཡིན་སྲིད།

དེ་འདྲ་ཡིན་ན། ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་ཧ་ཅང་མངོན་གསལ་དོད་པོ་ཅན་སྒྲིག་གཞིའི་དབང་གིས་ཁེགས་བསྡད་པ་དང་གཅིག ཁྱབ་ཁོངས་གཞན་གྱི་མི། དཔེར་ན། རང་གཞུང་ལ་ཞབས་ལོ་ཉེར་ལྔ་ནས་སུམ་ཅུ་ལྟ་བུར་ཕྱག་ལས་གནང་མཁན་གྱི་གཞུང་ཞབས་ཟུར་པ་ལྟ་བུ་དང་གཉིས། ཡང་ན་རྒྱ་བལ་འབྲུག་གསུམ་གྱི་གཞིས་ཆགས་ཡོངས་རྫོགས་རྒྱན་བརྒྱབ་ནས་དེ་དག་ཁོང་ནས་གཞིས་ཆགས་གསུམ་ལྟ་བུར་རྒྱན་ཐོབ་པ་བྱས་ཏེ། དེའི་ནང་ནས་གཞིས་ཆགས་རེ་རེའི་ཁོངས་ནས་སླར་ཡང་བརྒྱ་ཕྲག་རེ་རེ་ལྟ་བུ་རྒྱན་འཕངས་ནས་གཏོང་བ་ལྟ་བུ་དང་གཉིས། ཡང་ན་ཆགས་ས་རྟེན་ས་མེད་པ་དང་དངོས་ཡོད་ཀྱི་དཀའ་ངལ་ཆེན་པོ་ཡོད་པ་ཞིབ་འཇུག་གི་ལམ་ནས་དངོས་ཡོད་ར་འཕྲོད་བྱུང་བའི་གསར་འབྱོར་ཉམ་ཐག་ཁག་གཏོང་རྒྱུ་དང་གསུམ་སྟེ། དེ་འདྲའི་ཕྱོགས་ལ་བསམ་བློ་གཏོང་ཆོག དེ་ཚང་མ་དཔྱད་གཞི་ཙམ་ཡིན། གང་ལྟར་རྒྱུ་མཚན་ཚད་ལྡན་ཡོད་པ་དག་ལ་དམིགས་བསལ་བྱས་ནས་གཏོང་རྒྱུ་སོགས་མངོན་གསལ་ཆེ་བའི་ཆ་རྐྱེན་དང་སྒྲིག་གཞི་ཁ་གསལ་ལ་འབྲེལ་ཡོད་དག་གྲོས་འཆམ་བྱུང་རྗེས་དེ་འདྲའི་ཆ་རྐྱེན་དམིགས་བསལ་བའི་ཐོག་ནས་ཨོ་གླིང་དུ་ཡོང་ཆོག་མཁན་གྱི་ཁྱབ་ཁོངས་ཅུང་ཟད་རྒྱ་བསྐྱེད་བྱེད་ཆོག་པ་ཞིག་རེད།

དེ་དང་ཆབས་གཅིག་ཏུ། གོང་གི་དེ་དང་འདྲ་བའི་དམིགས་བསལ་གཞན་ཞིག་གླིང་ཚ་ཚེ་བརྟན་རྡོ་རྗེའི་སྲིང་མོ་དེ་རེད།

ཁོང་གི་མིང་མ་ཤེས་ཀྱང་། ངབརྒྱུད་ལམ་ཁག་ནས་ཁོང་དང་ཁོང་གི་མ་ཡུམ་འདས་མ་དེ་དང་མཉམ་དུ་ཡོད་པའི་དཔར་དེ་འདྲ་མཐོང་མྱོང་ཡོད་ལ། ཉེ་ཆར་མ་ཡུམ་གྱི་དུར་འཇུག་མཛད་སྒོའི་ཐོག་གི་སེམས་པ་སྐྱོ་བའི་མོའི་སྣང་བརྙན་དེ་ཡང་མཐོང་ཡོད། ཁོང་མོ་ལ་མཚོན་ན། ས་མཐའ་འདི་ནས་མིང་པོ་དང་ཤི་གསོན་གང་ཡིན་མི་ཤེས་པའི་ཁ་བྲལ་དུ་གྱུར། དེའི་ཐོག་ལ་མ་རྒན་ཡང་གློ་བུར་དུ་གྲོངས། ད་ཆ་ལོ་ཆུང་ཆུང་དེ་འདྲ་ལ་གནས་བབ་དེ་འདྲར་གྱུར་པ་དེ་ཧ་ཅང་བཟོད་དཀའ་བ་ཞིག་ཡིན་ངེས། ཡིན་ན་ཡང་། སྒྲིག་འཛུགས་ཀྱི་ངོས་ནས་མོ་ལ་ཕན་ཐོགས་བྱེད་ཐུབ་པ་གཅིག་རང་དེ་ནི་བུ་མོ་དེའི་སློབ་སྦྱོང་དང་མདུན་ལམ་ལ་རོགས་པ་ཕྲན་བུ་གནང་རྒྱུ་དེ་རེད། ཨོ་གླིང་ནི་ལོ་ན་ཆུང་ངུ་དག་ཡོང་སར་དམིགས་བསལ་ཧ་ཅང་འཚམས་པའི་ས་ཆ་ཞིག་ཡིན་པ་མཁྱེན་གསལ་ལྟར་རེད། རྒྱ་ནག་པ་ཕྱུག་པོ་དེ་ཚོས་ཀྱང་སོ་སོའི་བུ་ཕྲུག་གི་འདུན་ལམ་ཆེད་སྒོར་མོ་ས་ཡ་མང་པོའི་མ་འཇོག་བྱས་ནས་རྒྱལ་ཁབ་འདིར་གནས་སྤོ་ཐུབ་ཐབས་བྱེད་ཀྱི་ཡོད།

ས་ཆ་འདིའི་ཤེས་ཡོན་གྱི་གོ་སྐབས་ནི་མཁྱེན་གསལ་ལྟར་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་རེད། མོ་ལ་གོ་སྐབས་དེ་འདྲ་ཞིག་ཐོབ་ན་དེ་ནི་འཕྲལ་སེལ་གྱི་རོགས་པ་གང་ལས་ཀྱང་ཕན་ཐོགས་ཆེ་བ་ཡོང་རྒྱུ་དང་། དེ་ནི་ཁོང་གི་མ་ཡུམ་སྐུ་གཤེགས་དང་མིང་པོ་བཅས་ལ་མཚོན་ན་ཡང་སེམས་གསོ་ཞིག་རེད་ལ། གླིང་ཚ་མ་བུ་གཉིས་ཆར་བོད་ཀྱི་རྩ་དོན་ལ་བློས་གཏོང་ཆེན་པོ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་རྩ་དོན་ལ་སེམས་ཤུགས་སྤར་བ་ཞིག་ཀྱང་རེད།

འོན་ཀྱང་། མོ་རིང་ཨོ་གླིང་ལ་ཡོང་རྒྱུར་ངས་བསམ་ན་ད་ཡོད་ཀྱི་སྒྲིག་གཞིའི་ཆ་རྐྱེན་འོག་ཡོང་ཐུབ་སྲིད་པ་ཞིག་རེད། གླིང་ཚ་ཚེ་བརྟན་རྡོ་རྗེ་ནི་གར་སོང་ཆ་མེད་དུ་གྱུར་པ་རེད་ལ། དེ་ནི་རྒྱ་གར་གྱི་ས་ཐོག་ནས་བརླགས་པ་ཞིག་མིན་པར་ཡིད་ཆེས་བྱེད་འོས། ཤི་གསོན་གྱི་གནས་བབ་གང་ཡིན་ཡང་། རྒྱ་མིའི་ལག་འོག་ཏུ་ཚུད་ནས་གར་སོང་ཆ་མེད་དུ་གྱུར་པ་ཞིག་ཡིན་པར་ང་ཚོས་ཡིད་ཆེས་བྱ་རྒྱུ་ལས་འོས་མེད། དེ་ཡིན་ན། ད་ཆ་ཤུལ་དུ་ལུས་པ་ནི་ཁོང་གི་ནང་མི་དྭ་མོ་ཁོང་རེད། ཁོང་གི་སྐུ་ཟླ་དང་ཕྲུ་གུ་དག་ཕལ་ཆེར་ཁོང་ཚོའི་རྒྱལ་ཁབ་ཏུ་ཕྱིར་ལོག་ཟིན་པ་ཞིག་ཡིན་སྲིད་པས་དེའི་སྐོར་འདིར་བཤད་ཀྱི་མེད། གང་ལྟར། བུ་མོ་ཆུང་ཆུང་དེ་ཉིད་ཆབ་སྲིད་ཀྱི་དཀའ་ངལ་ཕྲད་པའི་ནང་མི་དང་འབྲེལ་ཆགས་ཀྱི་ཁོངས་སུ་གཏོང་ཆོག་པ་ལྟ་བུ་ཞིག་ཏུ་མཐོང་གིན་འདུག

གལ་ཏེ་ཆ་རྐྱེན་དེའི་འོག་ལ་གཏན་ནས་ཚུད་ཐབས་མེད་ན། ཁོང་དང་ཁོང་ལྟ་བུ་དངོས་ཡོད་ཀྱི་ཆབ་སྲིད་དང་འབྲེལ་བའི་དཀའ་ངལ་ཅན། གནས་སྟངས་ཧ་ཅང་དམིགས་བསལ་ཡིན་པའི་ཕ་མ་དང་ཤི་བྲལ་དང་གསོན་བྲལ་གང་རུང་ཐེབས་པའི་དྭ་ཕྲུག་ལོ་ན་ཆུང་བ་དེ་དག་དང་འབྲེལ་བའི་སྒྲིག་གཞི་བསྐྱར་བཅོས་སམ། བཀའ་ཤག་གམ་སྤྱི་འཐུས་བྱེ་བྲག་པ་ནས་སྤྱི་འཐུས་ལྷན་ཚོགས་སུ་གྲོས་གཞི་ཁུར་ནས་དམིགས་བསལ་གྱི་རྒྱབ་གཉེར་ཞུ་རྒྱུའི་ལམ་ཁ་འདྲ་ཡོད་སྲིད་དམ། དེ་དག་ཚང་མ་དྲི་བ་ཡིན་ལ། རེ་བའང་ཡིན། ལམ་ཁ་ནི་མིས་བཟོས་ནས་འགྲོ་གིན་ཡོད་པ་ཡིན་སྟབས། ཡོང་མི་སྲིད་པ་ཞིག་ཀྱང་མ་རེད། རེ་བ་འདི་ནི་སུ་ཞིག་གིས་བརྒྱུད་སྐུལ་བྱས་པ་མིན་ལ། སྒེར་སེམས་གང་ཡང་མེད་པའི་སེམས་ཀྱི་འཆར་ཆ་ཞིག་ཞུས་པ་ཙམ་ཡིན། བཀའ་སྤྱི་གཉིས་ཀྱིས་ཀྱང་འདིའི་ཕྱོགས་ལ་ཐུགས་བསམ་གང་ལེགས་བཞེས་རྒྱུའི་རེ་བ་ཡོད།

མཇུག་བསྡུ་བ།

མ་བབ་ཁུར་ལེན་གྱི་སྐད་ཆ་ཡིན་སྲིད་ཀྱང་རང་གི་འཆར་སྣང་ཙམ་ཞུས་པ་ཡིན། དེང་སང་ལྔ་དང་ལྔ་བཅུའི་ཚོགས་འདུ་མང་པོ་འཚོགས་ནས་མི་མང་གི་བསམ་ཚུལ་ལ་ཧ་ཅང་གཙིགས་སུ་འཛིན་བཞིན་པའི་གཞུང་གི་ངོས་ནས་དང་། སྤྱི་འབངས་ཤིག་གི་བསམ་ཚུལ་ཡིན་པའི་ཆ་ནས་ངའི་བཤད་པ་འདི་དག་ལ་ཡང་ཐུགས་སྣང་དང་ངོས་བཞེས་གང་ལེགས་གནང་སྲིད་པ་ཞིག་ཡིན་པའི་ཡིད་ཆེས་ཡོད།

Share this:
༡༠༩༡ ཀློག་གྲངས།