དགུ་བཅུ་གསུམ་དབུ་བརྙེས་པའི་དུས་དྲན་དང་འགྲེམས་སྟོན་ལས་འགུལ་དབུ་འཛུགས།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས། དེ་རིང་ཚོགས་པ་དབུ་བརྙེས་ནས་ལོ་ངོ་༢༧ འཁོར་བའི་ཉིན་མོ་ནས་བཟུང་ལོ་གཅིག་རིང་། རྒྱ་གར་གྱི་ས་གནས་གང་སར་བསྐོར་བསྐྱོད་བྱས་ནས་འགྲེམས་སྟོན་ལས་འགུལ་སྤེལ་རྒྱུ་རེད་འདུག

ཟླ་འདིའི་ཕྱི་ཚེས་༢༧ གྱི་ཉིན་གུང་ཆུ་ཚོད་དང་པོ་དང་སྐར་མ་༣༠ ཐོག དྷ་ས་མེག་གྷན་ཁི་ལེབ་གསོལ་མགྲོན་ཁང་(club house)དུ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་མི་ལོ་༢༧ འཁོར་བའི་དུས་དྲན་དང་། ཕྱི་ལོ་༡༩༨༧ ལོའི་ཕྱི་ཟླ་༩ པའི་ཚེས་༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་རྒོལ་གནང་ནས་ལོ་ངོ་༣༡ འཁོར་བའི་དུས་དྲན་གཉིས་དང་སྟབས་བསྟུན་ནས། རྒྱ་ནག་བོད་ནང་བཙན་འཛུལ་མ་ཡོང་གོང་གི་བོད་ཀྱི་གནས་སྟངས་དང།  ད་ལྟའི་བོད་ནང་གི་ཆབ་སྲིད་དང་།  རིག་གཞུང་། སྐད་ཡིག བུད་མེད། ཁོར་ཡུག ཆོས་ལུགས་སོགས་ཕྱོགས་ཡོངས་ཀྱི་གནས་ཚུལ་མཚོན་པའི་ཕྱོགས་བསྡུས་ཅན་གྱི་འགྲེམས་སྟོན་གསར་བཟོ་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོ་ཞིག་འཚོགས་སོང་ཞིང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨར་ཅརྱ་ཡེ་ཤེས་ཕུན་ཚོགས་ཕེབས་འདུག

སྐུ་མགྲོན་གཙོ་བོས་དེ་རིང་གི་ཉིན་མོ་འདིར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས། སྔར་བོད་རང་དབང་ཅན་གྱི་རྒྱལ་ཁབ་ཡིན་པའི་དཔང་རྟགས་ཀྱི་ལོ་རྒྱུས་ཀྱི་སྐོར་དང་། རྒྱ་ནག་དམར་པོས་བོད་ནང་ལ་བཙན་འཛུལ་འགོ་བཙུགས་ནས་བཟུང་ད་ལྟའི་བར་ལ་དྲག་གནོན་དང་། སྡུག་སྦྱོང་མནར་གཅོད་ཇི་ལྟར་བཏང་བ་བཅས་ཁྱོན་ཡོངས་ཀྱི་གནས་སྟངས་ཚུད་པའི་འགྲེམས་སྟོན་ཞིག་འགོ་འཛུགས་བྱེད་ཀྱི་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་བྱས་ནས་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་སྤེལ་བའི་འདས་པའི་དུས་ཀྱི་འགྲེམས་སྟོན་ཁག་དང་། ད་ལྟའི་འགྲེམས་སྟོན་བཅས་ཚང་མར་འཚམས་འདྲི་དང་དགའ་བསུ་ཡོད་སྐོར་གསུངས་སོང་།

མཛད་སྒོའི་ཐོག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས། དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་༡༩༩༡ ལོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དངོས་སུ་དབུ་བརྙེས་ནས་ལོ་ངོ་༢༧ འཁོར་བའི་དུས་དྲན་ཡིན་པ་དང་། དེ་ལས་ཀྱང་གལ་ཆེ་ཞིག་ལ་ཉིན་མོ་འདི་ནི་ཕྱི་ལོ་༡༩༨༧ ལོར་བོད་ནང་ནས་ཞི་རྒོལ་ཤུགས་ཆེན་པོ་བྱས་པའི་ཉིན་མོ་ཡང་ཆགས་ཡོད་པ། བོད་ནང་ལོགས་ལ་འཕྲལ་སེལ་གྱི་ཡར་རྒྱས་རྣམ་པ་འགྲོ་བཞིན་ཡོད་མིན་ལ་མ་ལྟོས་པར། གསར་དུ་དབུ་འབྱེད་བྱས་པའི་པར་རིས་འགྲེམས་སྤེལ་ནང་གསལ་བ་ལྟར། བོད་ནང་གི་གཞོན་སྐྱེས་ཚོས་གཙོ་བོར་གནང་ནས་བོད་ནང་འཛིན་པའི་རྒྱ་ནག་གཞུང་གི་སྲིད་ཇུས་ལ་དགག་པ་བྱས་པ་དང་། བོད་རང་བཙན་གྱི་རྒྱལ་ཁབ་ཡིན་པ། རང་བཙན་དགོས་ཀྱི་ཡོད་ཅེས་འབོད་སྒྲ་སྒྲོག་པ་བཅས་ཀྱི་ཉིན་མོ་ཡང་ཆགས་ཀྱི་ཡོད་སྟབས། དེ་རིང་གི་ཉིན་མོ་འདི་གལ་ཆེན་པོ་བརྩིས་པའི་ཐོག་ནས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ལས་གཞི་འདི་ལས་གཞི་གསར་པ་ཞིག་སྤེལ་བ་ཡང་ཆགས་ཀྱི་ཡོད་ཅེས་གསུངས་སོང་།

དེ་བཞིན་མོས་འགྲེམས་སྟོན་གསར་བཟོ་དབུ་འབྱེད་བྱས་ནས་བཟུང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ལོ་གཅིག་རིང་ལས་འགུལ་སྤེལ་འཆར་གྱི་སྐོར་“དེ་རིང་ནས་བཟུང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ལོ་གཅིག་གི་རིང་ལ་རྒྱ་གར་ནང་ལོགས་ཀྱི་ས་ཆ་གཞིས་ཆགས་ཁག་ཡིན་ན་རེད། སློབ་གྲྭ་ཁག་ཡིན་ན་རེད། དེ་ག་ནང་བཞིན་གཙོ་བོ་དེ་རྒྱ་གར་གྱི་སློབ་གྲྭ་ཁག་གཙོས་པའི་རྒྱ་གར་གྱི་ས་གནས་གང་སར་བཅར་ནས་བོད་ནང་ལོགས་ཀྱི་གནས་སྟངས་ཀྱི་ཐོག་ལ་ཁྱབ་བསྒྲགས་གཏོང་རྒྱུ་དང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཡིན་པ་དང་། ང་ཚོས་བརྒྱད་ཅུ་གྱ་གྲངས་ནང་ལ་གྲོས་མོལ་འགོ་ག་འདྲ་བཙུགས་ཡོད་མེད། ད་ལྟའི་སྐབས་ལ་གྲོས་མོལ་བྱེད་ཐུབ་ཀྱི་མེད་པ། དེ་བཞིན་བོད་ནང་ལོགས་ད་ལྟ་འབྱུང་བཞིན་པའི་སྐད་འབོད་ཀྱི་སྐོར་སོགས་ཆ་ཚང་བ་ཞིག་ཁྱབ་བསྒྲགས་གཏོང་ཐུབ་པ་ཡིན་ན་གནད་འགག་ཅིག་འདུག་དྲན་ནས་ལས་འགུལ་སྤེལ་རྒྱུ་དེ་ང་ཚོའི་དམིགས་ཡུལ་ཞིག་ཡིན། དེ་གཅིག་པུ་མིན་པར་ང་ཚོས་རེ་བ་ག་རེ་བྱེད་ཀྱི་ཡོད་ཟེར་ན། རྒྱ་གར་ནང་ལོགས་ཙམ་མ་ཡིན་པར་བྱུང་ཚེ་རྒྱལ་སྤྱིའི་སྟེང་ལའང་ཁྱབ་བསྒྲགས་བྱེད་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༣༦༢ ཀློག་གྲངས།