སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༦ པའི་ཚོགས་གཙོའི་མཇུག་སྡོམ་གསུང་བཤད།

སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་ཕྱི་ཟླ་༩ པའི་ཕྱི་ཚེས་༡༨ ནས་འགོ་འཛུགས་ཀྱིས་དེ་རིང་ཕྱི་ཚེས་༢༨ བར་ཉིན་བཅུའི་རིང་འཚོགས་གྲུབ་ནས་གྲོས་ཚོགས་གྲོལ་སོང་ཞིང་། མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཚོགས་གཙོའི་མཇུག་སྡོམ་གསུང་བཤད་གནང་སོང་།

ལྷན་ཚོགས་ཀྱི་མཇུག་ཏུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་མཇུག་སྡོམ་གསུང་བཤད་གནང་སྐབས་“ཐོག་མར་ཚོགས་གཙོས་དབུ་འབྱེད་ཀྱི་གཏམ་བཤད་ནང་ཞུས་པ་གཞིར་བཟུང་། གྲོས་ཚོགས་ཀྱི་ལས་རིམ་རྣམས་དོན་ཕན་ལྡན་པ་དང་ཚགས་ཚུད་པོའི་ངང་ནས་བསྐྱངས་ཐུབ་སོང་བསམ་གྱི་ཡོད། དེར་བརྟེན་ང་རང་ཚོས་ལས་རིམ་བསྐྱངས་པའི་ནང་ལ་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཁྱབ་ཁོངས་དང་བཅས་པའི་ཕྱི་ལོ་༢༠༡༧ དང་༢༠༡༨ ལོའི་ལས་བསྡོམས་རྒྱས་པ་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་བྱས་པའི་སྙན་ཐོ་དང་། དེ་བཞིན་འབྲེལ་ཡོད་ལྷན་ཁང་ཁྱབ་ཁོངས་དང་བཅས་པའི་ལས་དོན་སྙིང་བསྡུས་དཔལ་ལྡན་བཀའ་བློན་རྣམ་པས་སྙན་སྒྲོན་ཞུས་པའི་ཐོག་ལ། བཀུར་འོས་སྤྱི་འཐུས་རྣམ་པས་དོགས་འདྲི་ཞུ་བ་དང་། དགོངས་ཚུལ་གསུང་བ། དེ་བཞིན་དཔལ་ལྡན་བཀའ་བློན་རྣམ་པས་ཀྱང་གསལ་བཤད་དང་ལན་འདེབས་གནང་བའི་ཐོག་ནས། ད་ལྟའི་འཛིན་སྐྱོང་གི་ལས་དོན་གནང་བཞིན་པ་དང་། མ་འོངས་འཛིན་སྐྱོང་གི་ལས་དོན་བྱ་འཆར་བཅས་ལ་ཐུགས་ཕན་ཕྲན་བུའི་སོས་པའི་རེ་བ་ལྟ་བུ་བྱུང་”ཞེས་དང་། བོད་ཀྱི་ཆོས་རིག་གཞུང་དང་། བཙན་བྱོལ་བོད་མིའི་གཞིས་ཆགས། དཔལ་འབྱོར། ཤེས་ཡོན། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་མཛད་འཕྲིན། བོད་དོན་དྲིལ་བསྒྲགས། བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་གྱི་གནས་བབ་སོགས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་བར་གཙོ་བོ་འགན་འཁུར་མཁན་གྱི་བཀའ་བློན་རྣམ་པ་དང་། འཛིན་སྐྱོང་གི་ལས་དོན་ཚགས་ཚུད་པོ་ཡོང་བར་གལ་གནད་ཆེ་བ་གཅིག་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱི་ལྷག་བསམ་དང་ལས་འགན་བཞེས་སྟངས་ལ་ཐུག་ཡོད་དུས། དབུས་སའི་ལས་བྱེད་ཚོས་ལས་དོན་གང་ཞིག་ཡིན་ན་ཡང་དོན་ཕན་ལྡན་པ་ཡོང་ཐབས་སུ་བཀའ་བློན་རྣམ་པར་འཕྱ་གྲུ་མཉམ་འདེགས་གནང་གལ་ཆེ་སྐོར་དང་། ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ནང་འགྲོ་བསྐྱོད་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ཞིག་གཏན་འབེབས་གནང་ཡོད་པ་དེ་དང་དེ་འབྲེལ་གྱི་མི་སྣ་དང་ཚོགས་སྡེ་ཚང་མར་ཐུགས་རྗེ་ཆེ་ཞུ་བཅས་གསུངས་སོང་།

གཞན་ཡང་ཁོང་གིས་ད་ཐེངས་ཀྱི་གྲོས་ཚོགས་ཚོགས་དུས་འདིའི་སྐབས་སུ་མཛད་རིམ་བསྐྱངས་བའི་ཁྲོད་ནས་ལས་དོན་གལ་ཆེ་བ་ཁག་གསུང་པའི་ནང་། ཚོགས་དུས་འདིའི་ཐོག་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་གསུམ་བཞག་ཐུབ་ཡོད་སྐོར་དང་། གྲོས་ཆོད་གྲོས་འཆར་གལ་ཆེ་བ་གཅིག་དེ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ་ཡིན་སྟབས། གནད་དོན་དེའི་ཐོག་སྤྱི་འཐུས་མང་པོ་ཞིག་དང་། འཛིན་སྐྱོང་བཀའ་ཤག་གིས་ཆ་ཤས་བཞེས་ནས་གྲོས་ཆོད་དོན་ཚན་ལྔ་འཇོག་ཐུབ་པ་བྱུང་སྐོར་དང་། དེའི་ཐོག་བགྲོ་གླེང་དང་བསམ་ཚུལ་སྤུངས་བ་རྣམས་ཡག་པོ་བྱུང་སྐོར། འཛིན་སྐྱོང་བཀའ་ཤག་གིས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཐེངས་གཅིག་ཐོག་ནས་འདེམས་ཐོན་དགོས་པའི་བཟོ་བཅོས་ཁྲིམས་འཆར་བཏོན་པ་དེར་སྤྱི་འཐུས་མང་པོ་དང་། འཛིན་སྐྱོང་བཀའ་ཤག་གཉིས་ཀས་དགོངས་ཚུལ་མང་པོ་གསུང་ཐུབ་པ་དེ་ཡག་པོ་བྱུང་སྐོར་དང་། དེ་ནི་སླད་མ་འོངས་པར་དགོངས་པ་བཞེས་རྒྱུའི་ས་བོན་ལྟ་བུ་ཆགས་ཡོད་ཀྱང་། མ་འོངས་ལོ་བཅུ་ཕྲག་ཁ་ཤས་ནང་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་ཆེན་པོ་བྱ་མི་དགོས་པ་བྱུང་སོང་བསམ་གྱི་ཡོད་སྐོར། གཞན་ཡང་ཚོགས་དུས་འདིའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་འདེམས་ཐོན་ཐུབ་པ་བྱུང་ཡོད་པ་དང་། བཅའ་ཁྲིམས་ཀྱི་དོན་ཚན་ཁ་ཤས་ནང་བསྐྱར་བཅོས་གནང་ཐུབ་ཡོད་པ། བགྲོ་གླེང་སྐབས་བཀའ་བློན་དང་སྤྱི་འཐུས་ཚང་མས་འགན་འཁུར་ཆེ་བཞེས་ཀྱི་དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས་ཡོད་པ། གྲོས་ཚོགས་ཀྱི་ལས་རིམ་འདིའི་སྐབས་སུ་སྤྱི་འཐུས་གཅིག་གི་གསུང་བབ་ལ་བརྟེན་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་གསལ་བཤད་ཀྱི་ཚུལ་དུ་ཕྱག་བྲིས་ཤིག་ཚོགས་གཙོ་གཉིས་ཀྱི་མིང་དུ་གནང་སོན་བྱུང་ཡོད་པ་དང་། གྲོས་ཚོགས་ཀྱི་ལས་རིམ་འགྲོ་བཞིན་པའི་སྐབས་སུ་སྤྱི་འཐུས་རྣམ་པའི་གསུང་བབ་རིགས་གཅིག་ལ་ཚོགས་གཙོས་ཐད་ཀར་སྟངས་འཛིན་བྱེད་དུས་མཚམས་རེར་གནས་ཚུལ་ཆགས་པའི་གཞི་རུ་འགྱུར་གྱི་མེད་དམ་སྙམ་ནས་ཚོགས་གཙོར་དཀའ་ངལ་ཡོང་གི་ཡོད་སྟབས། མ་འོངས་པར་དཔལ་ལྡན་དགའ་ལྡན་ཕོ་བྲང་དང་འབྲེལ་བའི་གསུང་བབ་རིགས་ལ་དགའ་ལྡན་ཕོ་བྲང་ནས་བཀའ་འཁྲོལ་ཡོད་པའམ་གལ་ཆེའི་རིགས་མིན་ཚེ་མཚན་འབོད་ཀྱི་ཐོག་ནས་གསུང་མི་དགོས་པ་གནང་གལ་ཆེ་སྐོར་དང་། དེའི་ཐོག་ལ་ཐུགས་གཟབ་གནང་གལ་ཆེ་སྐོར་གྱི་འབོད་བསྐུལ་ཞུས་སོང་།

དེ་བཞིན་ཁོང་གིས་སྐབས་༡༦ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་སྟེ་ཚོགས་འདུ་གཙོ་སྐྱོང་གནང་བའི་ཉིན་མཐའ་མ་ཡིན་སྐོར་དང་འབྲེལ་ནས་གསུང་དོན་དུ་“ད་ལྟ་མཇུག་སྡོམ་གྱི་གཏམ་བཤད་ཞུ་མཁན་གྱི་ཚོགས་གཙོ་ལ་མཚོན་ན་གྲོས་ཚོགས་གཙོ་སྐྱོང་བྱེད་རྒྱུའི་ལས་འགན་མཐའ་མ་དེ་ཆགས་ཡོད་རེད། ཐོག་མར་ཕྱི་ལོ་༢༠༡༦ ལོར་ཚོགས་གཙོའི་འགན་འཁུར་ཞུ་བའི་དུས་ཚོད་དེར། ང་ཚོའི་སྤྱི་ཚོགས་ནང་ཟང་ཟིང་ཆེ་བའི་དུས་སྐབས་ལྟ་བུ་ཤིག་ཆགས་ཡོད་རེད། འོན་ཀྱང་། བཀུར་འོས་སྤྱི་འཐུས་རྣམ་པའི་རྒྱབ་སྐྱོར་དང་ཐུགས་རེ། རྒྱ་ཆེའི་མང་ཚོགས་ནས་ཀྱང་རེ་བ་དང་ཡིད་ཆེས་བྱུང་བ་དང་། རང་ངོས་ནས་ཀྱང་ལྷག་བསམ་ཟོལ་མེད་ཀྱིས་སྤྱི་པའི་ལས་དོན་རྣམས་རེད། ལྷག་པར་དུ་བོད་མི་ཉག་ཕྲ་བའི་དུས་ཚོད་འདིར། བོད་བསྟན་སྲིད་ལ་ལྷག་བསམ་དཀར་བ་ཕྲན་བུ་བྱུང་ན་ཡང་ཕན་ཐོགས་ཆེན་པོ་ཡོད་རྒྱུ་རེད་བསམ་ནས་འཇོན་ཐང་དང་ཤེས་ཡོན་གྱིས་མ་འདང་ན་ཡང་། ང་ཚོ་བོད་པའི་དཔེ་ལ། སྙིང་ལ་རུས་པ་བཅུག ཟེར་བ་ནང་བཞིན་གང་ཡོང་ཅི་ཡོང་གིས་ལས་དོན་རྣམས་ཀྱི་ཐོག་འགན་འཁུར་བྱེད་ཕྱོགས་ལ་འཐུས་ཤོར་མེད་པ་འགྲོ་ཐུབ་ཡོད་བསམ་པ་ཞིག་ཡོད་ཟེར་ནས་ཞུ་རྒྱུ་གཅིག་ཡིན། གྲོས་ཚོགས་འཚོགས་པའི་སྐབས་སུ་བཀུར་འོས་སྤྱི་འཐུས་རྣམ་པ་རེད། གྲོས་ཚོགས་མ་འཚོགས་པའི་སྐབས་སུ་སྤྱི་འཐུས་རྒྱུན་ལས་རྣམ་པས་འགན་འཁུར་དང་ནུས་པ་མཉམ་སྤུངས་ཡོང་ཐུབ་བ་དང་། བཀུར་འོས་སྤྱི་འཐུས་རྣམ་པ་དང་། ལྷག་པར་རྒྱུན་ལས་བཞུགས་མཁན་གྱི་སྤྱི་འཐུས་རྣམ་པས་འགན་འཁུར་མཉམ་བཞེས་གང་ལེགས་བྱུང་ཡོད། རྒྱུན་ལས་ལྷན་ཚོགས་ཐེངས་༢༠༠ ཙམ་འཚོགས་ཐུབ་པ་དང་། ལས་དོན་ཚང་མའི་ཐོག་ནུས་པ་མཉམ་སྤུངས་གནང་བྱུང་། དེ་ག་ནང་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཀྱང་འགན་འཁུར་མཉམ་བཞེས་ཀྱིས་དམིགས་བསལ་རམ་འདེགས་བྱུང་སོང་། རྣམ་པ་ཚོ་ཚང་མར་གོ་སྐབས་འདི་བརྒྱུད་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཀྱང་གྲོས་ཚོགས་ཀྱི་ལས་རིམ་བསྐྱངས་པའི་སྐབས་རེད། དེ་མ་ཡིན་པར་གྲོས་ཚོགས་ཕྱི་ལོགས་ཀྱི་ལས་དོན་གང་ལ་ཡིན་ན་ཡང་། མཐུན་འགྱུར་དང་གཞོགས་འདེགས་ཆ་ཚང་བ་ཞིག་གནང་ཡོད་སྟབས། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་འཛིན་སྐྱོང་བཀའ་ཤག་ལ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།”ཞེས་གསུངས་སོང་། གཞན་ཡང་ཁོང་གིས་ཕྱི་ལོ་༢༠༡༦ ལོ་ནས་བཟུང་ད་བར་གྱི་ལོ་གཉིས་དང་ཕྱེད་ཡས་མས་རིང་གི་ལས་བསྡོམས་སྙིང་བསྡུས་ཤིག་གསུངས་སོང་བ་མ་ཟད། ཁོང་གིས་ཚོགས་གཙོའི་ལས་འཁུར་གྱི་དམ་བཅའ་ཕུལ་རྗེས་ཕྱི་ལོ་༢༠༡༦ ལོའི་ཕྱི་ཟླ་༦ པའི་ཚེས་༨ ཉིན་༧གོང་ས་མཆོག་གིས་ཚོགས་གཙོ་གཉིས་ལ་དམིགས་བསལ་གཟིམ་ཆུང་མཇལ་ཁ་གནང་བྱུང་བ་དང་། དེ་ནི་སྤྱི་པའི་ལས་དོན་སྒྲུབ་རྒྱུ་དང་། ལྷག་པར་གྲོས་ཚོགས་ཀྱི་ཚོགས་གཙོའི་འགན་འཁུར་ཞུ་རྒྱུའི་ཐད་ལ་ཕན་རླབས་ཆེན་པོ་བྱུང་སྟབས། གྲོས་ཚོགས་ཀྱི་ལས་དོན་ཡོངས་རྫོགས་གང་ལ་གང་འཚམས་བསྒྲུབས་ཐུབ་པ་འདི་དམིགས་བསལ་༧གོང་ས་མཆོག་གི་ཐུགས་ཀྱི་གཟིགས་པ་ཁོ་ན་ལས་བྱུང་བ་ཆགས་ཀྱི་ཡོད་པ་དང་། གོ་སྐབས་འདི་བརྒྱུད་ནས་༧གོང་ས་མཆོག་ལ་སྒོ་གསུམ་གུས་པ་ཆེན་པོས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བཞིན་ཡོད་པ་དང་། ཁོང་ལ་བོད་པའི་ལས་དོན་བསྒྲུབས་ཕྱིར་གོ་སྐབས་དེ་ལྟ་བུ་ཐོབ་པ་ནི་མི་ཚེའི་ནང་གི་རིན་ཐང་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད་སྐོར། གྲོས་ཚོགས་ཚོགས་དུས་རྗེས་མའི་སྐབས་ཚོགས་གཙོ་གསར་པ་ཕེབས་ཀྱི་ཡོད་དུས་ཁོང་ལ་འཚམས་འདྲི་ཡོད་སྐོར་བཅས་སོགས་གསུང་མཐར་གྲོས་ཚོགས་གྲོལ་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༤༥༠ ཀློག་གྲངས།