༧གོང་ས་མཆོག་ནས་དབུ་མ་འཇུག་པའི་གསུང་ཆོས་འཕྲོ་སྐྱོང་དབུ་འཛུགས་གནང་སོང་།

ཐལ་འགྱུར་བའི་རིག་པའི་ཐོག་ནས་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཐུན་མོང་མ་ཡིན་པ་དེ་དག་མར་བཤད་ཡོང་དུས་དངོས་གནས་དྲང་གནས་ཚན་རིག་པ་དང་མཐུན་པ་ཞིག་འདུག་ཅེས་༧གོང་ས་མཆོག་གིས་དབུ་མ་འཇུག་པའི་གསུང་ཆོས་གནང་སྐབས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ པའི་ཐོག་བཞུགས་སྒར་དྷ་སའི་གཙུག་ལག་ཁང་དུ། ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༧གོང་ས་མཆོག་གིས་ཉིན་བཞིའི་རིང་གི་དབུ་མ་འཇུག་པའི་གསུང་ཆོས་དབུ་འཛུགས་གནང་སོང་ཞིང་། གསུང་ཆོས་འདི་ནི་ལོ་སྔོན་མར་གནང་བའི་གསུང་ཆོས་ཀྱི་མཇུག་སྐྱོང་ཡིན་པ་དང་། ཐའེ་ཝན་གྱི་དད་ལྡན་གྱི་ཆོས་ཞུ་བས་གཙོས་པའི་འཛམ་གླིང་ཡུལ་གྲུ་མི་འདྲ་བ་༦༧ ནས་ཡིན་པའི་དད་ལྡན་པ་༦༩༠༠ ཡས་མས་འཛོམས་འདུག

གསུང་ཆོས་ཀྱི་ཐོག་མར་༧གོང་ས་མཆོག་གིས་ཐའེ་ཝན་གྱི་གདུལ་བྱ་རྣམས་གཙོ་བོར་གྱུར་པའི་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་ཆོས་དོན་གཉེར་བ་རྣམས་ལ་འཚམས་འདྲི་གནང་རྗེས། རྒྱུན་ལྡན་ལྟར་དངོས་གཞིའི་གསུང་ཆོས་དབུ་འཛུགས་མ་གནང་གོང་ནང་ཆོས་ངོ་སྤྲོད་གནང་དོན་དུ་“ཁྱེད་རང་ཚོ་ཚང་མ་ཆོས་དོན་གཉེར་བྱས་ནས་འདིར་ཕེབས་པ་རེད། ཚང་མར་འཚམས་འདྲི་དང་དགའ་བསུ་ཞུ་ཡི་ཡོད། ཁྱེད་རང་ཚོ་མང་པོ་ཞིག་དེ་སྔ་ནས་ངས་ནང་ཆོས་ངོ་སྤྲོད་བྱེད་པ་ཐོས་མྱོང་བ་འདྲ་པོ་ཆགས་ཡོད་རེད། ཡིན་ན་ཡང་། གསར་པ་དེ་འདྲ་ཡང་ཕལ་ཆེར་མང་པོ་ཡོད་རེད་དྲན་གྱི་འདུག དེར་བརྟེན་ངས་ནམ་རྒྱུན་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་དང་། ནང་ཆོས་ངོ་འཕྲོད་དེ་ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་བ་ཡིན་ན། དེ་ནས་གཞི་ནས་ཆོས་ཉམས་ལེན་བྱེད་རྒྱུའི་སྐོར་ལ་བསམ་བློ་གཏོང་རྒྱུ་དེ་འདྲ་བཤད་བསྡད་ཀྱི་ཡོད། དེ་རིང་ནང་ཆོས་ངོ་སྤྲོད་ཀྱི་ཚུལ་དུ་གཅིག་ཞུས་ན་བསམ་དྲན་བྱུང་། སངས་རྒྱས་ཀྱི་གསུང་ནང་ལ། སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཞེས་གསུང་ཡོད་རེད། དེ་ལ་རྒྱ་ཆེ་ས་ནས་བསམ་བློ་ཞིག་གཏོང་བ་ཡིན་ན་འཛམ་བུ་གླིང་གི་ཆོས་ལུགས་གཙོ་ཆེ་དེ་དག་ཚང་མས་གཞན་ལ་གནོད་པ་མ་བྱེད། སེམས་པ་བཟང་པོ་བྱེད་དགོས་རེད། སེམས་རྒྱུད་འདུལ་ཐབས་ཀྱི་ཐོག་ལ་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་འཇིག་རྟེན་བཀོད་པ་པོར་གསོལ་བ་བཏབ་སྟེ་སེམས་རྒྱུད་དུལ་རྒྱུའི་ཐབས་ཤེས་འཐེན་གྱི་ཡོད་རེད། དེའི་ཐོག་ནས་མི་འདྲ་བ་ཞིག་ཡོང་བསྡད་ཀྱི་ཡོད་རེད། དེ་མིན་གཞན་ལ་གནོད་མ་བྱེད། ཀུན་ལ་ཕན་སེམས་བསྐྱེད་ནས་ག་ཚོད་ཐུབ་ཐུབ་ཀྱིས་ཕན་སེམས་བསྐྱེད་དགོས་རེད་ཟེར་བ་དེ་ཆོས་ལུགས་གཙོ་ཆེ་བ་ཚང་མ་གཅིག་པ་རེད་འདུག རང་གི་སེམས་ནི་ཡོངས་སུ་འདུལ་ཟེར་བ་དེ་མི་འདྲ་བ་ཆགས་བསྡད་ཀྱི་འདུག སངས་རྒྱས་པའི་ཆོས་ནང་རང་གི་སེམས་ནི་ཡོངས་སུ་འདུལ་ཟེར་བ་དེ། འདུལ་སྟངས་ག་འདྲ་སེ་འདུལ་དགོས་རེད་ལབ་ན། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།། ཟེར་བ་དེ་མི་འདྲ་བ་ཆགས་ཀྱི་ཡོད་རེད། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་བཀོད་པ་པོ་ནང་བཞིན་བྱས་ནས་འགྲོ་བའི་སྡུག་བསྔལ་ཕྱག་གིས་སེལ་ཐུབ་ཀྱི་མ་རེད་ཟེར། སྡུག་བསྔལ་གྱི་རྒྱུ་ལས་ཉོན་དེ་ཚོའི་གྲས་དེ་ཆུས་འཁྲུ་རྒྱུ་ཡོད་མ་རེད་ཟེར། བཅོམ་ལྡན་འདས་ཁོ་རང་གི་ཐུགས་རྒྱུད་ལ་ཡོད་པའི་རྟོགས་པའི་ཡོན་ཏན་དེ་ང་ཚོར་མར་གསོལ་རས་གནང་རྒྱུ་ཡོད་མ་རེད་ཟེར། གསོལ་རས་གནང་རྒྱུ་ཡོད་ན་སྐྱིད་པ་ལ། བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་ཁོ་རང་གིས་བསགས། རྟོགས་པའི་ཡོན་ཏན་རྙེད་པ་དེ་ང་ཚོར་དཀའ་ལས་གང་ཡང་མ་བརྒྱག་པར་མར་གསོལ་རས་གནང་རྒྱུ་བྱུང་ན་དེ་ཡག་པོ་ཞེ་དྲག་རེད་ཨ། འོ་ན་ག་འདྲ་རེད་ཟེར་ན་ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར་ཞེས་པ་དེ་རེད། ཆོས་ཉིད་བདེན་པ་བསྟན་པ་ཟེར་བའི་ཆོས་ཉིད་དེ་ཡིན་གཅིག་མིན་གཅིག་སྟོང་ཉིད་རྐྱང་རྐྱང་ལ་གོ་དགོས་པ་མི་འདུག ཆོས་རྣམས་ཀྱི་ཡིན་ལུགས། ཇི་སྙེད་པའི་ཡིན་ལུགས་དང་། ཇི་ལྟ་བའི་ཡིན་ལུགས་ཟེར་བཤད་ཆོག་གི་རེད་བ། གང་ལྟར་ཡིན་ལུགས་མར་བསྟན་པའི་ཐོག་ནས་སེམས་ཅན་ལ་ཕན་ཐོགས་མཛད་ཀྱི་ཡོད་རེད་”ཅེས་སོགས་སྐྱེ་བ་སྔ་ཕྱིའི་སྐོར་དང་། ཐོག་མེད་ནས་གོམས་པའི་བདག་འཛིན་ཞི་ཐབས་ཞི་གནས་ཀྱི་སྐོར་སོགས་གསུངས་སོང་།

དེ་བཞིན་༧གོང་ས་མཆོག་ནས་ནང་ཆོས་དེ་ཚན་རིག་པ་མཐུན་པ་ཡིན་སྐོར་དུ་ “གང་ལྟར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དེ་ང་ཁྱོད་རང་ཚོར་ཁ་མར་སློག་ནས་བཤད་སྡོད་མཁན་འདིས་དཀའ་ལས་བརྒྱབས་ནས། ལོ་མང་པོའི་རིང་ལ་བསམ་བློ་བཏང་ནས་ད་ལྟ་དངོས་སུ་ཚོར་བ་ཧ་ཅང་ཤུགས་ཆེན་པོ་ཡོད་པ་འདིས་ཧ་ཅང་ཕན་གྱི་འདུག་ག ངས་ཁྱོད་རང་ཚོར་བཤད་བཞག་པ་དེ། རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད།། ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས།། འགྲོ་བའི་ཡིད་ཀྱི་མུན་པ་སེལ་བྱས་ནས།། རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག ། ཅེས་གསུང་པ་ནང་བཞིན་ངས་ཁྱོད་རང་ཚོར་བཤད་པ་དེ་དཔེ་ཆ་ནང་ལ་ཡ་གི་གསུང་འདུག མ་གི་གསུང་འདུག ཡོད་རེད་གདའ་ཟེར་ནས་སྔ་མོའི་ལོ་རྒྱུས་སྣོན་པས་ཏོག་ཙམ་བརྒྱག་པ་དེ་འདྲ་ཐོག་ནས་བཤད་ཀྱི་མེད་གདའ། དེ་དངོས་སུ་ཡོང་གི་འདུག་ཨ་ཟེར། ད་གང་ལྟར་ངས་ནམ་རྒྱུན་འདི་འདྲ་བཤད་ཀྱི་ཡོད། ང་ཕྱེད་ཀ་ནང་པའི་དགེ་སློང་རེད། ཕྱེད་ཀ་ཚན་རིག་པ་ཡིན་ཟེར་གྱི་ཡོད། གང་ལྟར་རྒྱུ་མཚན་ལྡན་པའི་ཐོག་ནས་ར་འཕྲོད་པ་བྱུང་ན་མ་གཏོགས་ལུང་ལས་གསུང་པའི་ཕྱིར་ལབ་ན། ང་ཚོས་ནམ་རྒྱུན་ཆོས་རར་རྟགས་གསལ་གཏོང་བའི་སྐབས་སུ་ལུང་དྲངས་ན་ཞ་མོ་མར་ཕུད་དེ་གུས་ཞབས་ཆེན་པོའི་སྒོ་ནས་ཁྱབ་པ་མ་བྱུང་ཟེར་ལབ་ཆོག་གི་རེད་པ། དེར་བརྟེན་ལུང་ཙམ་ལ་བརྟེན་རྒྱུ་མི་འདུག རིག་པས་དཔྱད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཇི་ཙམ་གྱིས་རིག་པས་དཔྱད་ན་དེའི་ཚོད་ཀྱིས་ངེས་པ་ཆེ་རུ་ཆེ་རུ་འགྲོ་རྒྱུ་མ་གཏོགས། རིག་པས་དཔྱད་ན་ལན་དེ་ཙམ་རྒྱག་མ་ཐུབ་པ་དེ་འདྲ་ཁྱོན་ནས་ཡོད་མ་རེད། ཆོས་ལུགས་ཚང་མར་ངས་གུས་ཞབས་བྱེད་ཀྱི་ཡོད། མི་ལ་ཕན་གྱི་ཡོད་རེད། ལོ་སྟོང་ཕྲག་ལྷག་གི་རིང་ལ་མི་ལ་ཕན་ཐོགས་བྱས་ཡོད་རེད། དངོས་གནས་རྗེས་སུ་ཡི་རངས་བྱེད་རྒྱུ་རེད། བཅོམ་ལྡན་འདས་ཀྱིས་ཡིན་ན་ཡང་གདུལ་བྱའི་ཁམས་དང་མོས་པ་ལ་བསྟུན་ནས་ཆོས་གསུང་གི་ཡོད་རེད། དེ་འདྲ་ཡིན་དུས་འཛམ་བུ་གླིང་འདིའི་སྒང་གི་ཆོས་ལུགས་མི་འདྲ་བ་རྣམས་ཀྱིས་མི་ལ་ཕན་གྱི་ཡོད་རེད། དེར་ང་ཚོས་གུས་ཞབས་བྱེད་དགོས་རེད། ངས་ནང་པ་ཡག་ཤོས་རེད་ཁྱོན་ནས་ཟེར་གྱི་མེད། ནང་པའི་ཆོས་སྤེལ་བར་ཁྱོན་ནས་འབད་བརྩོན་བྱེད་ཀྱི་མེད། ཡིན་ན་ཡང་། རྒྱུ་མཚན་ལ་བསམ་བློ་གཏོང་ཡོང་དུས་སྤྱིར་ནང་པ་སངས་རྒྱས་པའི་ཆོས། དེའི་ནང་ནས་ཐལ་འགྱུར་བའི་རིག་པའི་ཐོག་ནས་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཐུན་མོང་མ་ཡིན་པ་དེ་དག་མར་བཤད་ཡོང་དུས་དངོས་གནས་དྲང་གནས་ཚན་རིག་པ་དང་མཐུན་བསྡད་པ་ཞིག་འདུག དེ་འདྲ་ཡིན་དུས་ནང་པའི་ཆོས་ལ་དོ་སྣང་ཧ་ཅང་ཡོད་མཁན་རྒྱའི་མཁས་པ་འགའ་ཤས་ཀྱིས་སངས་རྒྱས་པའི་ཆོས་ན་ལེནྡྲའི་ཆོས་བརྒྱུད་དེ་ཚན་རིག་དང་མཐུན་པའི་ཆོས་བརྒྱུད་རེད་ཟེར་གྱི་འདུག་ཨ། དེ་བདེན་པ་རེད་གདའ། ད་གང་ལྟར་ང་རང་གིས་ཀྱང་ལག་ལེན་བཀལ་ནས་ཁ་ཡོད་ལག་ཡོད་ཀྱི་སེམས་ལ་འགྱུར་བ་ཐེབས་ནས་ཆུ་ཚོད་༢༤ ནང་ལ་དངོས་གནས་དྲང་གནས་སེམས་ལ་ཞི་བདེ་ཡོང་བསྡད་པ་ཞིག་འདུག་”ཅེས་སོགས་ཀྱི་གསུངས་སོང་བ་མ་ཟད། མིའི་བསམ་བློ་དྲན་རྒྱུ་ཧ་ཅང་རྒོད་པོ་ཡོད་པ་འདི་སྡུག་བསྔལ་འབྱུང་བའི་རྐྱེན་དུ་བཏང་ན་གྱོང་ཡིན་པ་དང་། དེ་དོན་དག་གཏིང་ཟབ་མོ་ཞིག་ལ་བསམ་བློ་གཏོང་རྒྱུར་བེད་སྤྱོད་བྱས་ན་རླབས་ཆེན་ཡིན་སྐོར་ཡང་གསུངས་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༥༤༡ ཀློག་གྲངས།