རྡོར་གདན་འབར་རྫས་གནད་དོན་དེ་རུང་གྷེ་ཡ་ཁ་ཆེར་གདུང་སེམས་མཉམ་བསྐྱེད་བྱེད་ཆེད་ཡིན་འདུག

ནང་པའི་གནས་ཆེན་རྡོ་རྗེ་གདན་དུ་༧གོང་ས་མཆོག་བཞུགས་བསྡད་པའི་སྐབས་སུ། འབར་རྫས་གཉིས་ལག་སོན་བྱུང་མྱོང་ཡོད་པ་དང་། གཅིག་གས་འཐོར་ཕྱིན་པའི་གནད་དོན་ལྷག་ཡོད་པ་རེད། དེ་དང་འབྲེལ་བའི་མི་འཛིན་བཟུང་བྱས་པ་བརྒྱུད། རྟོག་ཞིབ་ལས་ཁང་གིས་འབར་རྫས་ཀྱི་གནད་དོན་དེ་འབར་མའི་རུང་གྷ་ཁ་ཆེ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་སྟོན་ཆེད་ཡིན་སྐོར་བརྗོད་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་ཟླ་དང་པོའི་ནང་རྡོ་རྗེ་གདན་དུ་འབར་རྫས་ཀྱི་གནད་དོན་དང་འབྲེལ་ནས། རྒྱ་གར་རྒྱལ་ཡོངས་རྟོག་ཞིབ་ལས་ཁང་གིས་ཟླ་༨ པའི་ནང་མི་གཉིས་འཛིན་བཟུང་བྱེད་ཐུབ་ནས། ད་བར་དོགས་ཡོད་མི་སྣ་༨ ལས་༧ འཛིན་བཟུང་ཐུབ་ཡོད་པ་རེད།

ཉེ་བའི་ཆར་རྒྱ་གར་རྒྱལ་ཡོངས་རྟོག་ཞིབ་ལས་ཁང་གིས་འཛིན་བཟུང་བྱས་པའི་མི་དེ་དག་ལ་ཉེས་འཛུགས་ཀྱི་ཡིག་ཆ་དམིགས་བསལ་ཁྲིམས་ཁང་དུ་མཁོ་སྤྲོད་བྱས་ཡོད་འདུག འཛིན་བཟུང་བྱུང་བའི་མི་དེ་དག་ནི་བྷང་ལ་ཌེ་ཤིའི་འཇིགས་སྐུལ་ཚོགས་པ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག་པ་དང་། ཁོ་ཚོས་འབར་རྫས་དེ་དག་༧གོང་ས་མཆོག་དང་བྷེ་ཧར་གྱི་སྤྱི་ཁྱབ་དཔོན་གཉིས་རྡོ་རྗེ་གདན་གྱི་མཆོད་རྟེན་ཉེ་ཁུལ་དུ་ཡོད་སྐབས་གཏོར་རྒྱུའི་འཆར་གཞི་ཡོད་འདུག དེ་ལྟར་བྱེད་རྩིས་ཀྱི་དམིགས་ཡུལ་ནི་འབར་མའི་གཞུང་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་ཁ་ཆེ་རུང་གྷེ་ཡ་མི་རིགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་སྟོན་རྒྱུ་དང་། དེ་བཞིན་ཚེ་སྲོག་དང་རྒྱུ་དངོས་ལ་གཏོར་སྐྱོན་བཏང་ནས་རྒྱ་གར་གཞུང་ལ་གནོད་སྐྱོན་གཏོང་ཆེད་ཡིན་སྐོར་རྟོག་ཞིབ་ལས་ཁང་གིས་བརྗོད་འདུག

དེ་ཡང་ཟླ་༡ པོའི་ཚེས་༡༩ ཉིན་༧གོང་ས་མཆོག་གི་མཛད་འཕྲིན་གྲུབ་ནས་བཞུགས་གནས་སུ་ཕེབས་ཟིན་པའི་དུས་ཚོད་ཏོག་ཙམ་རྗེས་ལ།  དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བའི་ཉེ་འཁོར་དུ་འབར་གས་ཀྱི་སྒྲ་ཞིག་ཐོས་ཡོད་འདུག་པས། བརྟག་དཔྱད་བྱས་པ་བརྒྱུད་ཉེ་འཁོར་གྱི་ཐབ་ཚང་ཞིག་ནང་ཇ་དམ་གས་འཐར་བྱུང་བ་ཤེས་རྗེས། ཉེན་རྟོག་པས་ས་གནས་སུ་འཚོལ་ཞིབ་བྱས་པ་བརྒྱུད། དུས་འཁོར་དབང་ཆེན་གྱི་ཆོས་རའི་ཉེ་འཁོར་དུ་ལྗིད་ཚད་ཀི་ལོ་གྷེ་རམ་༡༠ རེ་ཡོད་པའི་འབར་རྫས་གཉིས་རྙེད་སོན་བྱུང་། འབར་རྫས་དེ་གཉིས་རྗེས་སུ་ནུས་མེད་བཟོས་ཡོད་པ་རེད། ཐབ་ཚང་ནང་གི་གས་འཐོར་དེ་ཇ་དམ་ནང་འབར་རྫས་གས་འཐོར་སོང་བ་ཡིན་སྐོར་རྟོག་ཞིབ་ལས་ཁང་གིས་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༨༠༩ ཀློག་གྲངས།