སྲིད་སྐྱོང་གིས་བཙན་བྱོལ་བོད་མིའི་ནང་“ཆབ་སྲིད་ཚོགས་པ་ཁྲིམས་འགལ་རེད་”ཅེས་གསུངས་སོང་།

ཟླ་འདིའི་ཚེས་༣ ཉིན། འདི་ལོའི་ཕྱི་ཟླ་༩ ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐོག་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་གཏན་འབེབས་ལ་སྲིད་སྐྱོང་གིས་མཚན་རྟགས་བརྒྱབ་ཏེ། ཁྲིམས་ཡིག་ཏུ་གཏན་འབེབས་བྱས་ཡོད་པ་རེད།

སྲིད་སྐྱོང་བློ་བཟང་སེང་གེས་འོས་བསྡུའི་སྒྲིག་ཁྲིམས་ལ་མཚན་རྟགས་བརྒྱབ་པ་དང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཏེ། དེ་སྔ་ཡིན་ན་དངོས་གཞིའི་འོས་བསྡུའི་སྐབས་སུ་ཟླ་བ་དྲུག་དང་།  ཉི་མ་རྩི་བ་ཡིན་ན་ཉིན་གྲངས་༡༨༠ འགོར་གྱི་ཡོད་པ་དང་།   དེའི་ཐོག་སྔོན་འགྲོ་བརྩིས་ན་ཉིན་གྲངས་༢༠༠ ལྷག་འགོར་གྱི་ཡོད།  སླད་ཕྱིན་ཉིན་གྲངས་ ༡༠༠ ལས་ཉུང་བའི་ནང་འོས་བསྡུ་ཚར་དགོས་ཀྱི་ཡོད་པ་དང་། དུས་ཚོད་ལྡབ་གཅིག་ཉུང་དུ་བཏང་ཡོད་རེད་ཅེས་འོས་བསྡུའི་སྒྲིག་གཞི་འགྱུར་བ་ཆེ་ཁག་ལ་གསལ་བཤད་གནང་ཡོད་པ་རེད།

འདི་གའི་གསར་འགོད་པས། ཚོགས་པ་ཁག་གིས་འོས་མི་ལ་རྒྱབ་སྐྱོར་བྱས་ཆོག་གི་མེད་པ་གཏན་འབེབས་བྱས་རེད། དེ་ན་འོས་བསྡུ་རིམ་པའི་སྐབས་སུ་ཚོགས་པ་མ་ཡིན་པར་མི་ཁ་ཤས་མཉམ་རུབ་ཀྱིས་རྒྱུན་མཐུད་ནས་འོས་མི་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དེ་བཞིན་དམིགས་བསལ་སྲིད་སྐྱོང་ལ་ལངས་མཁན་ཡིན་ན། རྒྱབ་སྐྱོར་ཚོགས་པ་ཟུར་འཛུགས་ཡོང་གི་ཡོད་རེད་ལ། དེ་ཡང་རྒྱུན་མཐུད་ནས་འདུག་གི་ཡོད་པས། དེ་ཚོ་ག་འདྲ་ཆགས་ཀྱི་ཡིན་དང་། སྲིད་སྐྱོང་ལ་ལངས་མཁན་ཡིན་ན་རྒྱབ་སྐྱོར་ཚོགས་པ་མེད་ན། འོས་བསྡུའི་ལས་རིམ་ཆ་ཚང་ཏག་ཏག་འགྲོ་རྒྱུར་དཀའ་ངལ་ཡོང་གི་མ་རེད་དམ་ཞེས་དང་། ད་ཐེངས་གྲོས་ཚོགས་ནང་ཆོལ་ཁ་དང་ཆོས་བརྒྱུད་ཁག ཚོགས་པ་སྐྱིད་སྡུག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འོས་མི་བཏོན་མི་ཆོག་པ་གསལ་པོ་བཟོས་རེད་ལ། ཆབ་སྲིད་ཚོགས་པ་མི་དགོས་པར་དགག་པ་བརྒྱབ་རེད། ༧གོང་ས་མཆོག་གིས་ཆབ་སྲིད་ཚོགས་པ་གལ་ཆེ་སྐོར་ལ་བཀའ་སློབ་གནང་ཡོད་པས། དེའི་ཐོག་དགོངས་ཚུལ་གང་ཡོད་དང་། ཆབ་སྲིད་ཚོགས་པ་བཙུགས་ན་ག་རེ་གནང་རྒྱུ་ཡིན་སྐོར་དྲིས་པར། སྲིད་སྐྱོང་གིས།  “གྲོས་ཚོགས་ནས་གཏན་ཁེལ་བའི་སྲིད་ཇུས་ཆགས་པ་རེད་ལ། ཆབ་སྲིད་ཚོགས་པ་མེད་པའི་མང་གཙོའི་ལམ་ལུགས་ཡིན་ཟེར་བ་དེ་དངོས་ཡོད་གནས་སྟངས་ཆགས་པ་རེད། ཆབ་སྲིད་ཚོགས་པ་ཡོད་དུས་ཚོགས་པའི་དགོས་དོན་དང་རྩ་དོན་དང་བསྡུར་ཡོང་དུས། ཆབ་སྲིད་པའི་དགོས་དོན་ཐོག་འགྲོ་བའི་ཉེན་ཁ་ཡོད་པ་རེད། ཆབ་སྲིད་ཚོགས་པ་ཡོད་པའི་རྒྱལ་ཁབ་ཁག་ལ་གཟིགས་ན། རྒྱལ་ཁབ་ལ་ཕན་དང་མི་ཕན་མིན་པར་གཞུང་འཛིན་ཚོགས་པ་ཕྱོགས་འགལ་ཚོགས་པས་མར་འཐེན་ཨེ་ཐུབ་ལྟ་ཡི་རེད། ཡིན་ཡང་ཁ་ཡོད་ལག་ཡོད་རྒྱལ་ཁབ་ཁག་ནང་ཆབ་སྲིད་ཚོགས་པ་ཡོད་དགོས་དོན་མི་གཅིག་གིས་མི་མང་ནང་རྙོབ་མི་ཐུབ་པས། ཆབ་སྲིད་ཚོགས་པ་བརྒྱུད་ནས་མི་མང་ཡོངས་ལ་རྙོབ་ཐུབ་པའི་ཆེད་དུ་རེད་”ཅེས་དང་། ང་ཚོའི་སྤྱི་ཚོགས་ནང་མི་འབུམ་གཅིག་དང་ཕྱེད་ཀ་ལས་མེད་པས། སྲིད་སྐྱོང་ལངས་མཁན་གྱིས་ཁྱབ་བསྒྲགས་ཀྱིས་ཆུ་ཚོད་༤༨ ནང་འཕྲུལ་ཆའི་བརྒྱུད་ནས་རྙོབ་ཐུབ་ཀྱི་ཡིན་སྐོར་གསུངས་སོང་།

སྲིད་སྐྱོང་གིས་མུ་མཐུད་གསུང་དོན། “ཆབ་སྲིད་ཚོགས་པ་ཡོང་ཆོག་གི་མ་རེད། ཆབ་སྲིད་ཚོགས་པ་མེད་པའི་མང་གཙོའི་ལམ་ལུགས་རེད། ཆབ་སྲིད་ཚོགས་པ་ཁྲིམས་འགལ་རེད། ཆབ་སྲིད་ཚོགས་པས་འོས་མི་བཏོན་ན་གཉིས་ཀར་གནོད་ཀྱི་རེད། ཉེས་པ་མང་པོ་ཡོད་རེད་”ཅེས་གསུངས་སོང་། (གསར་འགོད་པའི་མཆན། ཁྲིམས་ཡིག་ཁག་ནང་ཆབ་སྲིད་ཚོགས་པ་མེད་པ་དང་མི་ཆོག་སྐོར་ཁ་གསལ་གང་མཐོང་མ་སོང་།) སྲིད་སྐྱོང་གིས་མུ་མཐུད་ལན་འདེབས་གནང་དོན། སྲིད་སྐྱོང་ལ་ལངས་མཁན་ཡིན་ན་སོ་སོས་ཁྱབ་བསྒྲགས་དང་ས་གནས་སོ་སོ་ནས་མི་སྒེར་པ་རང་གིས་རྒྱབ་སྐྱོར་དང་ཁྱབ་བསྒྲགས་དགོས་པ་ལས། འཕྲེད་དར་དེ་འདྲའི་ཐོག་ཚོགས་པའི་མིང་འགོད་མི་ཆོག་སྐོར་དང་། འོས་བསྡུ་ཚར་དུས་ཀྱང་སོ་སོ་སྒེར་ཆགས་ཀྱི་ཡོད་པས་ཡག་པོ་ཡོང་རྒྱུ་ཡིན་སྐོར། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སོ་སོའི་དམིགས་ཡུལ་ལྟར་ལས་ཀ་བྱེད་པ་ལས། འོས་བསྡུའི་ནང་ཐེ་ཇུས་བྱེད་རྒྱུ་མེད་སྐོར་གསུངས་སོང་།

འོས་བསྡུའི་སྒྲིག་ཁྲིམས་འགྱུར་བ་ཆེན་པོ་གཉིས་ཕྱིན་པ་ནི།  འོས་བསྡུའི་སྒྲིག་གཞིའི་དོན་ཉི་ཤུ་རྩ་བཞི་པའི་ནང་གསེས་༧ པ་བཟོ་བཅོས་ཁྲིམས་འཆར། “ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་ཆོས་བརྒྱུད་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱིས་སྲིད་སྐྱོང་སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་རྒྱབ་གཉེར་གསལ་བསྒྲགས་རིགས་བྱེད་མི་ཆོག འོན་ཀྱང་འོས་བསྡུའི་ཁྲིམས་སྲོལ་དང་མཐུན་པའི་ཐོབ་ཐང་ཁག་འགལ་མེད་བེད་སྤྱོད་ཀྱིས་མི་ཚོགས་འདུ་འཛོམས་སར་འོས་གཞི་རང་ཉིད་ནས་ཆབ་སྲིད་ཀྱི་ལྟ་བ་འཁྱེར་སྟངས་དང་། མི་མང་ལ་ལས་དོན་ཁས་ལེན་གྱི་གསལ་བསྒྲགས། ཡིག་ཆ་འགྲེམས་སྤེལ་བྱེད་པ་བཅས་གོང་གསལ་དོན་ཚན་ཁག་གི་བརྗོད་དོན་དང་འབྲེལ་བའི་རིགས་ལ་ཁྲིམས་འགལ་དུ་ངོས་འཛིན་བྱ་རྒྱུ་མིན་རུང་། འོས་བསྡུའི་དུས་ཚེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་བར་གསལ་བསྒྲགས་བྱེད་མཚམས་འཇོག་དགོས་”ཞེས་གཏན་འབེབས་བྱས་ཡོད་པ་རེད།

འོས་བསྡུའི་སྒྲིག་གཞི་དོན་ཚན་དྲུག་ཅུ་རེ་བདུན་པའི་ནང་གསེས་༤ བསྐྱར་བཅོས་ཀྱི་ཁྲིམས་འཆར། “སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་བྱ་ཕྱོགས་ནི། དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞིར་སྒྲིག་གསལ་འོས་ཆོས་ཚང་ཡོད་མེད་དང་། དཔྱ་དངུལ་འབུལ་ཆད་ཡོད་མེད་བརྟག་ཞིབ་རྩད་གཅོད། དགོངས་ཞུའི་རིགས་བཅས་གྲུབ་རྗེས། སྲིད་སྐྱོང་གོ་དངོས་གཞིའི་འོས་གཞིར་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས། གལ་སྲིད་འོས་གཞི་གཅིག་ལས་མེད་པ་དང་དེ་ལ་སྔོན་འགྲོའི་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་༥༡ ལས་མི་ཉུང་བའི་རྒྱབ་སྐྱོར་ཐོབ་ཡོད་ཚེ་ཁ་གཏད་མེད་པའི་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བའི་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ། མེད་ཚེ་སྔོན་འགྲོའི་འོས་བསྡུའི་ལས་རིམ་བསྐྱར་དུ་བྱེད་དགོས། འོན་ཀྱང་སྔོན་འགྲོའི་སྐབས་འོས་མི་གཅིག་ལ་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་༦༠ ཡན་ཐོབ་ཡོད་ཚེ་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་འདེམས་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ་”གཏན་འབེབས་བྱས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༦ ཀློག་གྲངས།