རྒྱ་གར་གྱིས་རུང་གྷེ་ཡ་མི་རིགས་བདུན་ཕྱིར་འབུད་བཏང་འདུག

རྒྱ་གར་གཞུང་གིས་འབར་མ་ནས་རྒྱ་གར་ནང་དུ་ཁྲིམས་འགལ་ཐོག་འཛུལ་མཁན། རུང་གྷེ་ཡ་ཁ་ཆེ་མི་རིགས་བདུན་འབར་མར་ཕྱིར་འབུད་བཏང་འདུག་པ་དང་། དེ་ལ་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་ཁབ་ཀྱི་བདེ་འཇགས་བར་རྩོད་གླེང་འགྲོ་བཞིན་འདུག

ཟླ་༡༠ པའི་ཚེས་༣ ཉིན་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཨཱ་སམ་ནས། ཉེན་རྟོག་པས་རྒྱ་གར་ནང་ཁྲིམས་འགལ་ཐོག་འཛུལ་མཁན་རུང་གྷེ་ཡ་མི་རིགས་བདུན་རླངས་འཁོར་ནང་བླུགས་ནས། ཕྱིར་འབར་མར་ཕྱིར་འབུད་གཏོང་བའི་བརྒྱུད་རིམ་འགོ་འཛུགས་བྱས་འདུག རྒྱ་གར་ནང་རུང་གྷེ་ཡ་མི་རིགས་ཁྲི་བཞི་ཙམ་གནས་སྡོད་བྱེད་ཀྱི་ཡོད་འདུག་ཀྱང་། ད་བར་ཕྱིར་འབུད་བཏང་བ་ཐོག་མ་ཡིན་འདུག མི་དེ་དག་ཟླ་༡༠ པའི་ཚེས་༤ ཉིན་གྱི་སྔ་དྲོར་འབར་མ་དང་རྒྱ་གར་གྱི་ས་མཚམས་ནས་འབར་མའི་ཉེན་རྟོག་པར་རྩིས་སྤྲོད་བྱ་རྒྱུ་ཡིན་སྐོར་ལས་དོན་དེའི་འགན་ཁུར་མི་སྣས་བརྗོད་འདུག

རུང་གྷེ་ཡ་མི་རིགས་དེ་དག་མི་རིགས་མང་ཆེ་བ་ནང་པ་ཡིན་པའི་འབར་མའི་སྲིད་གཞུང་གི་བཙན་གནོན་ནས་བྲོས་བྱོལ་ཡོང་བ་ཤ་སྟག་ཡིན་པ་དང་། ལོ་སྔོན་མར་རྒྱ་གར་གྱི་སྲིད་བློན་མཱོ་རྡི་ཡིས་དེབ་སྐྱེལ་མེད་པའི་རུང་གྷེ་ཡ་མི་རིགས་རྣམས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་སྐོར་བརྗོད་ནས། དབུས་གཞུང་ལ་དེ་རིགས་ངོས་འཛིན་བྱས་ཏེ་ཕྱིར་འབུད་གཏོང་རྒྱུའི་བཀའ་བཏང་འདུག

ཕྱིར་འབུད་གཏོང་རྒྱུའི་མི་བདུན་རྣམས་ཕྱི་ལོ་༢༠༡༢ ལོར་རྒྱ་གར་ནང་ཁྲིམས་འགལ་ཐོག་འཛུལ་སྐབས་འཛིན་བཟུང་བྱས་ཏེ། ད་བར་བཙོན་འཇུག་བྱས་ཡོད་པ་དང་། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཕྱིར་འབུད་དེ་བཀག་འགོག་བྱེད་པའི་ཞུ་གཏུག་ལ་ངོས་ལེན་མ་བྱས་པར། དབུས་གཞུང་གི་ཐག་གཅོད་ལ་ཐེ་ཇུས་བྱེད་འདོད་མེད་སྐོར་བརྗོད་འདུག

མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་མཐོ་རིམ་ལས་བྱེད་ཅིག་གིས། རྒྱ་གར་གྱི་བྱེད་སྟངས་དེས་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་དང་། རྒྱ་གར་གཞུང་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར། རུང་གྷེ་ཡ་མི་རིགས་དེ་དག་སྲིད་གཞུང་ཞིག་གི་འོག་ནས། དབྱེ་འབྱེད་དང་དྲག་གནོན། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་བཏང་བ་སོགས་ཀྱི་དཀའ་སྡུག་མྱངས་ཡོད་པ་ངོས་ལེན་བྱས་ཏེ་སྲུང་སྐྱོབ་བྱེད་པའི་འགན་དབང་ཡོད་སྐོར་བརྗོད་འདུག

ལོ་གཅིག་སྔོན་ནས་འབར་མའི་དམག་མིའི་དྲག་གནོན་འོག རུང་གྷེ་ཡ་མི་རིགས་འབུམ་བདུན་ཙམ་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤིར་བྲོས་བྱོལ་ཕྱིན་ཡོད་པ་དང་། ད་ལྟའི་ཆར་དེ་དག་གི་མ་འོངས་མདུན་ལམ་ཐད་ངེས་གཏན་གང་ཡང་མེད་པ་ལྷག་ཡོད་པ་རེད།

རྒྱལ་སྤྱིའི་ནང་འབར་མའི་འགོ་ཁྲིད་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལྕམ་ཨང་སན་སུ་ཅཱི་ཡིས། རུང་གྷེ་ཡའི་དཀའ་སྡུག་ཐད་སེམས་ཁུར་བྱས་ཏེ་དམག་མིར་ཁ་གཏད་གཅོག་རྒྱུའི་རེ་བ་བྱས་ཡོད་ཀྱང་། ད་བར་རྣམ་པ་གསལ་པོའི་ཐོག་ནས་གང་ཡང་བྱས་མེད་པས། མོ་ལ་སྐྱོན་བརྗོད་བྱེད་མཁན་དང་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཕྱིར་བསྡུ་བྱེད་པའི་དགོས་འདུན་བཏོན་ནས་ལས་འགུལ་སྤེལ་མཁན་ཡང་བྱུང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣༩༡ ཀློག་གྲངས།