སྲིད་སྤྱིའི་འོས་བསྡུར་སྔོན་འགྲོ་དང་དངོས་གཞི་གཉིས་རང་སོར་བཞག་པ་དེ་རྒྱལ་ཁ་རེད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས། སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་རང་འཇགས་དགོས་པའི་ཐད་ལ་སྤྱི་འཐུས་གྲོས་ཚོགས་ནང་མང་མོས་རྒྱབ་སྐྱོར་ཐོབ་པ་དེ་ནི་རྒྱ་ཆེའི་མི་མང་གི་མངོན་འདོད་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡ ཐོག་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཚོགས་ཁང་དུ། ལྟེ་གནས་ཁང་དེས་བཏོན་པའི་<<བཙན་བྱོལ་བོད་མིའི་མང་གཙོ། ༢༠༡༨ ལོའི་དམིགས་བསལ་སྙན་ཐོ་>>ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་བ་དང་སྦྲགས། སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་༦ པའི་ཐོག སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་རང་འཇགས་དགོས་པའི་ཐད་ལ་མང་མོས་རྒྱབ་སྐྱོར་ཐོབ་པར། ལྟེ་གནས་ཁང་གི་ངོས་ནས་རྗེས་སུ་ཡི་རངས་ཡོད་པ་དང་། དེ་ནི་རྒྱ་ཆེའི་མི་མང་གི་མངོན་འདོད་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར། གཞན་ཡང་བུད་མེད་ཚོགས་པ་དང་མཉམ་འབྲེལ་ཐོག ལྟེ་གནས་ཁང་གི་ལས་བྱེད་ཁག་ཅིག་དེ་སྔོན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དགོན་སྡེ་དང་། སློབ་གྲྭ། གཞིས་ཆགས་ཁག་བཅས་སུ་ཆེད་བཅར་གྱིས་མང་ཚོགས་ནས་བསམ་ཚུལ་བསྡུ་ལེན་བྱས་པ་རྣམས་དང་། ད་ཐེངས་གྲོས་ཚོགས་སུ་བསྐྱར་བཅོས་གནང་བའི་ཁྲིམས་སྒྲིག་རྣམས་དང་མཐུན་པ་ག་ཚོད་བྱུང་ཡོད་མེད་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་པ་དང་། མི་རིང་བར་དེའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་རྒྱུ་ཡིན་སྐོར་གསུངས་སོང་།

གསར་འགོད་གསལ་བསྒྲགས་ནང་“ཕྱི་ལོ་༢༠༡༦ ལོར་རྒྱ་ཆེའི་མི་མང་ནས་བཙན་བྱོལ་བོད་མིའི་སྲིད་སྤྱིའི་འོས་གཞི་འོས་འདེམ་སྐབས་སུ་སྔོན་འགྲོ་དང་དངོས་གཞི་གཉི་ག་དགོས་མིན་ཐད་ལ་རྙོག་གླེང་ཤུགས་ཆེན་བྱུང་བ་དང་སྦྲགས་ཏེ། འདི་ག་ལྟེ་གནས་ཁང་གི་ངོས་ནས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་གནད་ཡོད་མི་སྣ་དང་ཆེད་མཁས་པ། ལྷག་པར་དུ་ལས་ཐོག་སྤྱི་འཐུས་ཁག་བསྡུ་བསྐོང་གིས་འོས་བསྡུའི་སྔོན་འགྲོ་དང་དངོས་གཞི་གཉིས་ག་དགོས་མིན་གཙོས་པའི་བོད་མིའི་མང་གཙོའི་འོས་བསྡུ་དང་འབྲེལ་བའི་སྒྲིག་གཞི་ལེགས་བཅོས་གནང་དགོས་ཅི་ཡོད་སྐོར་ལ་བགྲོ་གླེང་དང་བསམ་འཆར་ཕྱོགས་བསྡུས་ཀྱིས་ཆེད་བཙུགས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ལ་ཕུལ་བ་དང་། ཕྱི་ལོ་༢༠༡༧ ལོར་འདི་ག་ལྟེ་གནས་ཁང་གི་ངོས་ནས་‘བོད་མིའི་སྤྱི་ཚོགས་ཁྲོད་དུ་མང་གཙོའི་གོ་རྟོགས་གོང་འཕེལ་སྐོར་སྐྱོད་’ལས་གཞི་སྤེལ་ནས། ས་གནས་བོད་མིའི་གཞིས་ཆགས་ཁག་དང་མཐོ་སློབ་ཁག དགོན་སྡེ་ཁག་བཅས་ལ་སྐོར་སྐྱོད་ཀྱིས་བོད་མིའི་མང་གཙོའི་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་རྒྱ་ཆེའི་མི་མང་གི་བསམ་འཆར་ཕྱོགས་བསྡུས་ཀྱིས་ཡིག་བརྙན་གཉིས་ཀྱི་ཐོག་ནས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༤ སྟེང་ཞུ་འབུལ་བྱས་ཡོད་”ཅེས་འཁོད་འདུག་པ་དང་། སྐབས་དེར་ལྟེ་གནས་ཁང་གི་ལས་བྱེད་རྣམས་སྐོར་སྐྱོད་ཀྱིས་མང་ཚོགས་ནང་བསམ་འཆར་བསྡུ་རུབ་བྱས་པའི་ནང། མི་མང་བརྒྱ་ཆ་༧༤ ཡིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་དགོས་པའི་བསམ་ཚུལ་བྱུང་ཡོད་འདུག

དེ་བཞིན་དམིགས་བསལ་སྙན་ཐོའི་སྐོར་ལ་“འདི་ག་ལྟེ་གནས་ཁང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་བྱུང་རིམ་དང་འཕོ་འགྱུར་སྐོར་ལ་ཞིབ་འཇུག་དང་བགྲོ་གླེང་། སྙན་ཐོ་འདོན་སྤེལ་བཅས་ཀྱི་བྱ་འགུལ་སྤེལ་མུས་ཡིན་པ་ལྟར། ད་ལན་བོད་ཡིག་གི་ཐོག་ནས་<<བཙན་བྱོལ་བོད་མིའི་མང་གཙོ། ༢༠༡༨ ལོའི་དམིགས་བསལ་སྙན་ཐོ་>>འགྲེམས་སྤེལ་བྱས་ཡོད་ལ། ས་བཅད་༦ དང་དོན་ཚན་༡༡ བཅས་ཁྱོན་ཤོག་གྲངས་༢༤༥ ཡིས་གྲུབ་པའི་དམིགས་བསལ་སྙན་ཐོ་འདིའི་ནང་དུ། མང་གཙོའི་ཀ་བ་གསུམ་གྱིས་གྲུབ་པའི་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་བྱུང་རིམ་དང་འཕོ་འགྱུར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་། བོད་མིའི་འོས་བསྡུ་ལས་ཁང་དང་ལས་བྱེད་འདེམ་བསྐོ་ལྷན་ཁང་། རྩིས་ཞིབ་ལས་ཁང་སོགས་རང་དབང་ཅན་གྱི་སྡེ་ཚན་ཁག བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་དང་བསྐྱར་བཅོས། མ་འོངས་བོད་ཀྱི་མང་གཙོའི་ལམ་ལུགས་ཀྱི་ཁ་ཕྱོགས་དང་བཅའ་ཁྲིམས། དམིགས་བསལ་ཕྱི་ལོ་༢༠༡༡ ལོར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་གི་སྐུ་དབང་རྩིས་སྤྲོད་གནང་བའི་སྐོར། ཕྱི་ལོ་༢༠༡༦ ལོར་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་གྲོས་ཆོད་དེ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་། ཕྱི་ལོ་༢༠༡༧ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་བོད་མིའི་མང་གཙོའི་ལམ་ལུགས་ཐད་ལ་རྒྱ་ཆེའི་མི་མང་ནས་བསམ་འཆར་དང་མངོན་འདོན་ཅི་བྱུང་སྐོར་འཁོད་ཡོད།”ཅེས་དང་། ལྟེ་གནས་ཁང་དེས་དེ་སྔོན་ཕྱི་ལོ་༢༠༡༢ ལོར། དབྱིན་ཡིག་གི་ཐོག་ནས་<<བཙན་བྱོལ་བོད་མིའི་མང་གཙོ། ༢༠༡༢ ལོའི་དམིགས་བསལ་སྙན་ཐོ་>>ཞེས་པའི་དེབ་ཅིག་འདོན་སྤེལ་བྱས་ཡོད་འདུག་ཅིང་། དེའི་ནང་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་བྱུང་རིམ་དང་བཅའ་ཁྲིམས་བསྐྱར་བཅོས། ལྷག་པར་དུ་སྐུ་དབང་རྩིས་སྤྲོད་གནང་རྗེས་ཀྱི་མ་འོངས་བོད་མིའི་མང་གཙོའི་འཕོ་འགྱུར་དང་ཁ་ཕྱོགས། དམིགས་བསལ་གཞིས་ཆགས་ཁག་གི་གཞིས་འགོ་འོས་འདེམས་དང་འབྲེལ་བའི་གཞི་རིམ་མང་གཙོའི་འཕེལ་རིམ་དང་གནས་སྟངས་ལ་ཞིབ་འཇུག་རྒྱུས་ལོན་བྱས་པ་བཅས་འཁོད་ཡོད་འདུག

གཞན་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་སྐོར་ལ་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་པའི་དགོས་དམིགས་ཀྱི་སྐོར་འཁོད་དོན་དུ་“འདི་ག་ལྟེ་གནས་ཁང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་བྱུང་རིམ་དང་འགྱུར་བ་བཅས་ཀྱི་སྐོར་ལ་བགྲོ་གླེང་དང་ཞིབ་འཇུག བསམ་འཆར་བསྡུ་ལེན། སྙན་ཐོ་འདོན་སྤེལ་བྱས་དང་བྱེད་བཞིན་པའི་དགོས་དམིགས་གཙོ་བོ་ནི། རང་ཅག་ཁ་བ་གངས་ཅན་པའི་བོད་མི་རྒན་དར་གཞོན་གསུམ་སྐྱ་སེར་དབྱེར་མེད་ཐོག་འཛམ་གླིང་སྒང་གི་དེང་རབས་མང་གཙོའི་རྒྱལ་ཁབ་དང་སྔོན་ཐོན་ཅན་གྱི་མི་རིགས་གཞན་དག་ནང་བཞིན། ང་ཚོས་ཀྱང་སོ་སོའི་རང་དབང་དང་ཐོབ་ཐང་། ལས་འགན་དང་མཉམ་ཞུགས་ཀྱི་གོ་རྟོགས་འཕེལ་ཐབས་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རང་ཅག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་གསོལ་རས་སུ་བསྩལ་གནང་བའི་མང་གཙོའི་ལམ་སྲོལ་བཟང་བོ་འདི་བཞིན་ད་ཡོད་ལས་ལྷག་པའི་ཚད་ལྡན་དང་སྲ་བརྟན། ནུས་ལྡན། འགན་འཁྲི་རང་བཞིན་དང་ཕྱི་གསལ་ནང་གསལ་བཅས་ཡོང་ཐབས་ཀྱི་ཤེས་རྟོགས་དང་ལས་འགན་ཕྲག་ཏུ་བླངས་ཏེ། སོ་སོའི་རང་དབང་ཐོབ་ཐང་ཁག་ཚུལ་བཞིན་ལོངས་སུ་སྤྱོད་ཐུབ་པ་ཞིག་ཡོང་རྒྱུ་དེ་ཡིན་པས། རྒྱ་ཆེའི་མི་མང་ནས་དོ་སྣང་དང་ཕན་ཚུན་འཕྱར་བ་གྲུ་འདེགས་གནང་བའི་རེ་སྐུལ་ཞུ་བཞིན་ཡོད་”ཅེས་འཁོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༩༦༨ ཀློག་གྲངས།