ཨ་རིའི་སྲིད་འཛིན་གཞོན་པས་བོད་དོན་གླེང་འདུག

ཨ་རིའི་སྲིད་འཛིན་གཞོན་པ་མེག་ཕེན་སེ་ཡིས་གཏམ་བཤད་གཅིག་བྱས་པའི་ནང་། རྒྱ་ནག་གི་ཚོང་འབྲེལ་དང་དམག་དོན་སྲིད་ཇུས་ལ་སྐྱོན་བརྗོད་དང་སྦྲགས། རྒྱ་ནག་ནང་གི་མི་མང་ལ་ཞིབ་བཤེར་དམ་དྲག་གི་བྱེད་ལས་སྐོར་སྐྱོན་བརྗོད་བྱེད་སྐབས། བོད་ནང་གི་གནས་སྟངས་སྐོར་གླེང་འདུག

ཟླ་༡༠ པའི་ཚེས་༤ ཉིན་ཨ་རིའི་སྲིད་འཛིན་གཞོན་པ་མེག་ཕེན་སི་ཡིས། རྒྱ་ནག་གིས་ཧམ་སེམས་ཅན་གྱི་ཚོང་འབྲེལ་སྲིད་ཇུས་ལ་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཁ་གཏད་ནན་པོ་གཅོག་བཞིན་ཡོད་ཁར། རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་ལ་སྒོ་ཁྲལ་འཕར་མ་རྒྱག་སྲིད་པ། སྲིད་འཛིན་ཊོམ་གྱིས་རྒྱ་ནག་ལ་ཁ་གཏད་ཆེན་པོ་གཅོག་བཞིན་ཡོད་པས། རྒྱ་ནག་གིས་སྲིད་འཛིན་ཊོམ་བསྐྱར་དུ་སྲིད་འཛིན་ལ་འོས་འདེམས་མི་ཡོང་བའི་ཐབས་ཤེས་བྱེད་བཞིན་ཡོད་སྐོར་གྱི་སྐྱོན་བརྗོད་བྱས་འདུག

དེ་བཞིན་ཁོང་གིས་རྒྱ་ནག་གིས་རང་གི་མི་སེར་ཚོར་ཞིབ་བཤེར་དམ་དྲག་གི་ལས་འགུལ་ཁྱབ་ཆེན་སྤེལ་ནས་བཙན་གནོན་བྱེད་བཞིན་ཡོད་ཁར། གྲངས་ཉུང་མི་རིགས་ནང་པ་དང་ཁ་ཆེ། ཡེ་ཤུ་སོགས་གནས་སྡོད་ཀྱི་ས་གནས་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པས། བོད་ནང་བོད་མི་༡༥༠ ཙམ་ནས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་སྐོར་བརྗོད་འདུག

ཁོང་གིས་ཨ་རིའི་དྲ་ཐོག་འཚོལ་ཞིབ་ཚོང་ལས་ཁག་གྷུ་གྷུལ་ལ། རྒྱ་ནག་ནང་རྒྱ་ནག་གཞུང་གི་ཞིབ་བཤེར་སྟངས་འཛིན་གྱི་སྲིད་ཇུས་དང་བསྟུན་པའི་འཚོལ་ཞིབ་མ་ལག་བཟོ་སྐྲུན་བྱེད་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་སྐོར་ཡང་བརྗོད་འདུག

ཁོང་གིས་ཐའེ་ཝན་གྱི་གནད་དོན་དང་འབྲེལ་ནས། ཊོམ་སྲིད་གཞུང་གིས་རྒྱ་ནག་གཅིག་གྱུར་གྱི་སྲིད་ཇུས་ལ་གུས་བརྩི་མུ་མཐུད་བྱེད་རྒྱུ་ཡིན་ཡང་། ཐའེ་ཝན་ནང་མང་གཙོ་ལོངས་སུ་སྤྱོད་བཞིན་པ་དེར་བལྟས་ན། རྒྱ་ནག་མི་མང་ལ་མདུན་ལམ་བཟང་བ་ཞིག་སྟོན་གྱི་ཡོད་པ། དེ་བཞིན་རྒྱ་ནག་གིས་རྒྱལ་ཁབ་མང་པོ་ཞིག་ལ་བུ་ལོན་ཆེན་པོ་གཡར་ནས་དབང་བསྒྱུར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཏེ། ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་རྣམས་འཕྲོག་ཐབས་བྱེད་བཞིན་པའི་བྱེད་ལས་ལ་ཡང་སྐྱོན་བརྗོད་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣༧༤ ཀློག་གྲངས།