རྒྱ་ནག་གི་གཞུང་ཚབ་པས་དགོད་བྲོ་བའི་ལན་འདེབས་བྱས་འདུག

ཨ་རིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་པས། གསར་འགྱུར་བརྒྱུད་ལམ་ཞིག་ལ་བོད་ནང་ཨ་རིའི་གསར་འགོད་པ་མི་གཏོང་བའི་རྒྱུ་མཚན་དགོད་བྲོ་བ་ཞིག་བརྗོད་འདུག་པ་དང་། དེ་ཡང་རྒྱ་ནང་གི་ཨ་རིའི་གསར་འགོད་པའི་བདེ་སྡུག་སེམས་ཁུར་ཡོད་མདོག་བརྗོད་འདུག

ཟླ་༡༠ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ནང་གི་རྒྱ་ནག་གཞུང་ཚབ་པ་(Cui Tiankai ) ལ། གསར་ཁང་ཞིག་གིས་བཅར་འདྲི་བྱས་པ་བརྒྱུད། བོད་ནང་དུ་ཨ་རིའི་གསར་འགོད་པ་དང་། རྒྱ་ནག་ལ་ལྡོག་ཕྱོགས་ཀྱི་བསམ་བློ་ཡོད་མཁན་ཤེས་ཡོན་པ་རྣམས་འགྲོ་འདོད་ཡོད་ཚེ། འགྲོ་རུ་འཇུག་པར་ཁོང་གིས་རྒྱབ་སྐྱོར་བྱེད་རྩིས་ཡོད་མེད་སྐོར་དྲིས་སྐབས། གཞུང་ཚབ་པས་རྒྱ་ནག་ནང་དུ་ཨ་རིའི་སློབ་མ་དང་སློབ་དཔོན། ཤེས་ཡོན་པ། གསར་འགོད་པ་སུ་སླེབས་ནའང་དགའ་བསུ་ཡོད་ཀྱང་། བོད་འདྲ་བའི་ས་གནས་ཁག་ཅིག་ས་ཆ་ཤིན་ཏུ་མཐོ་པོར་ཆགས་ཡོད་པ་མ་ཟད། གནམ་གཤིས་སྡུག་པོ་སྟོན་སྲིད་སྐོར་བརྗོད་འདུག སྐབས་དེར་གསར་ཁང་དེའི་གསར་འགོད་པས་ཨ་རིའི་གསར་འགོད་པ་དང་ཤེས་ཡོན་པ་ཚོས་ས་མཐོ་པོ་གོམས་འདྲིས་བྱུང་བར་དཀའ་ངལ་འཕྲད་མི་སྲིད་སྐོར་བརྗོད་སྐབས། ཁོང་གིས་མི་ཚང་མ་དེ་ལྟར་བྱུང་མི་སྲིད་པ་དང་། རྒྱ་རིགས་མང་པོ་ཞིག་བོད་ལ་འགྲོ་སྐབས་ལུས་མི་བདེ་བ་ཆགས་ཀྱི་ཡོད་པ། དེ་བཞིན་རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པས། བོད་ནང་དུ་ལོ་རེར་ཕྱི་མི་ག་ཚོད་འགྲོ་བའི་ཁ་གྲངས་ཚད་བཀག་བཟོ་དགོས་ཀྱི་ཡོད་སྐོར་བརྗོད་ནས། གལ་ཏེ་གནད་དོན་དེ་ཚོ་ཚང་མ་འགྲིག་ཚེ། ཨ་རི་ནས་བོད་ནང་འགྲོ་མཁན་ཚང་མ་གཏོང་རྒྱུ་ཡིན་པ། དེ་བཞིན་ད་ལྟའི་ཆར་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་པ་བྷེ་རན་སེ་ཀྲེཌ་བོད་ལ་སྐོར་བསྐྱོད་འགྲོ་བའི་ཆེད་ལས་ཀ་བྱེད་མུས་ཡིན་སྐོར་ལན་འདེབས་བྱས་འདུག

གསར་འགོད་པ་དེས་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་པ་ཡུ་གུར་ས་གནས་སུ་འགྲོ་བར་དགའ་བསུ་ཡོད་མེད་སྐོར་དྲིས་སྐབས། རྒྱ་ནག་གི་གཞུང་ཚབ་པས་ས་གནས་དེར་ས་མཐོའི་དཀའ་ངལ་མིན་པར་འཇིགས་སྐུལ་རིང་ལུགས་པའི་དྲག་རྒོལ་གྱི་དཀའ་ངལ་ཡོད་སྐོར་དང་། ཡུ་གུར་མི་རིགས་སྟོང་ཕྲག་མང་པོ་སློབ་གསོ་བཅོས་སྒྱུར་གྱི་སྡོད་སྒར་ནང་འཇུག་བཞིན་པའི་ཐད། ཁོང་གིས་དེའི་ནང་ཡོད་པའི་མི་རྣམས་འཚོ་བ་ཡག་པོ་བསྐྱལ་ཐུབ་པའི་ཆེད་དུ་དེང་རབས་འཕྲུལ་ཆས་དང་མཐུན་པའི་ལག་ཤེས་སློབ་ཀྱི་ཡོད་སྐོར་ལན་འདེབས་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༦ ཀློག་གྲངས།