དགོས་ངེས་ཀྱི་འགྱུར་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༡༨  ཕྱི་ལོ་ ༢༠༡༨/༡༠ /༣  

ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་ཁག་ཅིག་བྱས་ཡོད་པ་དང་། བཀའ་ཤག་གི་དགོངས་གཞི་ལྟར་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་མི་དགོས་པར་འོས་ཐེངས་གཅིག་གིས་ཐག་གཅོད་བྱ་རྒྱུའི་ཁྲིམས་འཆར་དེར་བཟོ་བཅོས་ཆ་ཚང་གཏོང་ཐུབ་མེད་ནའང་། སྐབས་དེ་དང་བསྟུན་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ཉི་ཤུ་རྩ་བཞི་པ། དངུལ་དངོས་སོགས་ལྐོག་རྔན་སྤྲོད་ལེན་དང་རྒྱུད་སྐུལ་ཐབས་ཤེས་ཞེས་པའི་ནང་གསེས་བདུན་པའི་ཐོག་“ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་ཆོས་བརྒྱུད་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱིས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་། རྒྱབ་གཉེར་གསལ་བསྒྲགས་རིགས་བྱེད་མི་ཆོག་”ཅེས་བཟོ་བཅོས་ཁྲིམས་འཆར་དེར་གྲོས་ཚོགས་ནང་བགློ་གླེང་ལྷུག་པོ་གནང་མཐར་སྤྱི་འཐུས་༣༦ གིས་མོས་མཐུན་རྒྱབ་སྐྱོར་དང་བཅས་བཟོ་བཅོས་ཁྲིམས་འཆར་དེ་གཏན་འབེབས་བྱུང་ཡོད་པ་རེད།

བཀའ་ཤག་གིས་ཁྲིམས་འཆར་ཕུལ་བ་བཞིན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་དྲུག་ཅུ་རེ་བདུན་པའི་ནང་དུ། སྲིད་སྐྱོང་གི་“སྔོན་འགྲོའི་འོས་བསྡུའི་སྐབས་འོས་མི་གཅིག་ལ་འོས་ཤོག་ཁྱོན་འབོར་བརྒྱ་ཆ་༦༠ ཡན་ཐོབ་ཡོད་ཚེ་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ་”དེ་ཡང་ངོ་ཡོད་སྤྱི་འཐུས་གསུམ་ཆ་གཉིས་ཀྱི་ཐོག་ནས་གཏན་འབེབས་གནང་ཡོད་པ་རེད། གཞན་ཡང་འོས་བསྡུའི་སྒྲིག་གཞི་ཁག་ཅིག་ལ་འགྱུར་བ་བཏང་ཡོད་པ་སོགས། ད་ལན་གྱི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དེ་ལ་བརྟེན་ནས་མ་འོངས་པར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རྩོད་རྙོག་མི་ཡོང་བར་ཕན་ཐོགས་ངེས་ཅན་ཞིག་ཡོང་བའི་རེ་བ་ཡོད་པ་དང་། ཕྱི་ལོ་༢༠༡༦ ལོའི་འོས་བསྡུ་ཆེན་མོའི་སྐབས་བྱུང་བའི་རྩོད་རྙོག་དེ་དག་འོས་བསྡུ་སྒྲིག་གཞི་ལ་བརྟེན་ནས་བྱུང་བ་ཞིག་ཏུ་ངོས་འཛིན་བྱེད་དཀའ་ནའང་། སྔོན་མའི་གནས་སྟངས་ལ་གཞིགས་ནས་བལྟས་ན། འོས་བསྡུའི་སྒྲིག་གཞིའི་ནང་དོན་ཁག་ཅིག་ལ་འགྱུར་བ་མ་བཏང་ན། མ་འོངས་པར་དཀའ་ངལ་ཆེན་པོ་འཕྲད་ངེས་ཀྱི་ཉེན་ཁ་མེད་པ་གཏན་ནས་མིན།

ད་བར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་རྩོད་རྙོག་ཛ་དྲག་པོ་དང་། བཙན་བྱོལ་བོད་མི་ཡོངས་རྫོགས་ཁ་འཐོར་དུ་འགྲོ་ངེས་པའི་རྩོད་རྙོག་དེ་འདྲ་བྱུང་མྱོང་མེད་པ་དང་། བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་༦༠ ཙམ་ཕལ་ཆེར་དབུས་གཙང་ཡིན་ནའང་། མི་མང་གིས་ཐད་ཀར་འོས་འདེམས་ཀྱི་ལམ་ནས་བཀའ་ཁྲི་དང་། སྲིད་སྐྱོང་གི་འོས་བསྡུ་ཆེན་མོ་ཐེངས་བཞིའི་ནང་མུ་མཐུད་ཁམས་པ་འབའ་ཞིག་ལ་འོས་ཤོག་ཐོབ་པ་དེ། དོན་གྱིས་བཙན་བྱོལ་ནང་གི་མི་འབོར་ཆེ་ཤོས་ལ་ཆོལ་ཁའི་ཞེན་ཁོག་ཆེན་པོ་ཡོད་མེད་གསལ་པོ་རྟོགས་ཐུབ། ད་ལྟའི་ཆར་ནང་ཁུལ་གྱི་རྩོད་རྙོག་ཆུང་ཚག་རིགས་ཡོད་པའི་གོ་སྐབས་དང་བསྟུན་ནས་རྒྱ་དམར་གཞུང་གིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ནུས་ཤུགས་གཅོག་ཐབས་བྱེད་བཞིན་ཡོད་སྟབས། ནང་ཁུལ་མཐུན་ལམ་དམ་ཟབ་ཡོང་བ་དང་། ཆོལ་ཁ་དང་ཆོས་བརྒྱུད་ལ་བརྟེན་ནས་ཡོང་སྲིད་པའི་རྩོད་རྙོག་ཁག མ་འོངས་པར་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་ཁོངས་སོ་སོ་ནས་འདོན་མི་ཆོག་པའི་སྒྲིག་གཞི་བསྐྱར་བཅོས་བྱས་པ་འདི་ལ་བརྟེན་ནས་སྔོན་འགོག་བྱེད་ཐུབ་པའི་རེ་བ་རྒྱག་ཆོག་པ་ཞིག་རེད།

དེ་བཞིན་ཆོལ་ཁ་སོ་སོའི་ནང་ནས་ཀྱང་སྐྱིད་སྡུག་དང་ལུང་ཚན་སོ་སོས་འོས་གཞི་འདྲ་མིན་བཏོན་ནས་ཕན་ཚུན་རྩོད་རྙོག་མང་པོ་ཡོང་གི་ཡོད་པ་དང་། དེ་ལ་བརྟེན་ནས་འཐེན་འཁྱེར་གྱི་རྣམ་པ་ཡོང་གི་ཡོད་པ་དེ་དག་མ་འོངས་པར་འོས་གཞི་འདོན་མི་ཆོག་པས། རང་བཞིན་གྱིས་ཉུང་དུ་འགྲོ་ངེས་རེད། ད་ལན་སྒྲིག་གཞི་བསྐྱར་བཅོས་བྱས་པ་དེས་མི་ཆོག་ཅེས་ལབ་པ་ཙམ་མ་ཡིན་པར། ཁྲིམས་སྒྲིག་ལ་བརྩི་བཀུར་མ་ཞུས་ན་འོས་གཞིར་ལངས་མཁན་གྱི་འོས་ཤོག་རྩིས་མེད་གཏོང་བ་དང་། འོས་གཞི་འདོན་མཁན་ལ་ཉེས་པ་ཆེ་ཆུང་ལ་གཞིགས་ནས་ལོ་དུས་རྒྱས་བཅད་ཀྱིས་འོས་ཤོག་འཕེན་མི་ཆོག་པ་དང་། འོས་གཞིར་ཞུགས་མི་ཆོག་པའི་ཐག་གཅོད་ཀྱང་སྒྲིག་གཞིའི་ནང་ཁ་གསལ་པོ་བཀོད་ཡོད་སྟབས་ལག་བསྟར་མི་ཐུབ་པའི་དཀའ་ངལ་མེད་ངེས་རེད། དཔལ་འབྱོར་གྱི་ཉེས་ཆད་ལྟ་བུ་བཏང་བའི་དབང་དུ་བཏང་ན། ཉེས་པ་ཕོག་ཡུལ་གྱིས་གཏན་ནས་དང་ལེན་མ་བྱས་ཚེ་བོད་མིའི་སྒྲིག་འཛུགས་ལ་ཉེན་རྟོག་པ་དང་བཙོན་ཁང་མེད་སྟབས་ཐབས་ཤེས་གང་ཡང་མེད་ནའང་། རང་ངོས་ནས་ལག་བསྟར་ཐུབ་པའི་ཐག་གཅོད་དེ་རིགས་ནི་མི་ཆོག་པ་དང་མི་ཐུབ་པ་གང་ཡང་མེད།

སྤྱིར་འོས་གཞི་འདོན་པ་དང་། འོས་འཕེན་པ་ནི་མང་གཙོའི་སྤྱི་ཚོགས་ནང་གཞི་རིམ་གྱི་ཐོབ་ཐང་ཞིག་རེད་ཅེས་བརྗོད་ཆོག་ནའང་། རྒྱ་གར་གཞུང་ལ་སྤྱི་ཚོགས་བདེ་དོན་དང་། ཡིད་ཆེས་དགེ་རྩའི་འོག་དེབ་སྐྱེལ་བྱས་པའི་ཚོགས་པ་ཁག་ལ་མཚོན་ན་འོས་གཞི་འདོན་པ་སོགས་སྲིད་དོན་དང་འབྲེལ་བའི་ལས་ཀ་ནི། ཡོངས་སུ་ཁྲིམས་འགལ་དུ་གྱུར་ཡོད་པས་མ་འོངས་པར་ཁྲིམས་འགལ་གྱི་ལམ་ཁ་ཞིག་འགོག་ཐུབ་པར་ངོས་འཛིན་བྱེད་ཆོག དེ་བཞིན་བཙན་བྱོལ་བོད་མི་སྒེར་སོ་སོའི་ངོས་ནས་འོས་གཞི་འདོན་པ་དང་རྒྱབ་སྐྱོར་གསལ་བསྒྲགས་བྱེད་པ་སོགས་ཀྱི་ཐོབ་ཐང་ནི་སུ་གཅིག་གིས་འགོག་མི་ཆོག་པ་དང་། མ་འོངས་པར་ཡང་མུ་མཐུད་དུ་གནས་ཡོད། ད་དུང་ཚོགས་པ་བྱེ་བྲག་པ་ཞིག་གི་རྒྱུན་ལས་རེ་ཟུང་གིས་དམིགས་འཛུགས་བྱས་པ་ལས་རྒྱ་ཆེའི་མི་མང་གིས་ཐད་ཀར་རྒྱབ་སྐྱོར་གྱི་ཐོག་ནས་འོས་གཞིར་ཚུད་ན། དེ་ནི་འོས་གཞི་རང་ངོས་ནས་སྤོབས་པ་དང་གཟི་བརྗིད་ཀྱི་རང་བཞིན་ཡིན་པ་ལས། སྲིད་སྐྱོང་གི་ངོས་ནས་ཚོགས་པ་བྱེ་བྲག་པ་ཞིག་ལ་ངོ་སོ་དང་བསྟུན་མཁས་བྱེད་དགོས་དོན་གང་ཡང་མེད་པས་གྱུར་པ་འདི་ནི་དགོས་ངེས་ཤིག་ཏུ་གྱུར་ཡོད།།

Share this:
༢༢༧ ཀློག་གྲངས།