རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱ་ནག་གིས་བཀག་ཉར་བྱས་འདུག་ཟེར།

རྒྱལ་སྤྱིིའི་སྐོར་སྲུང་ལྷན་ཚོགས་ཀྱི་ཚོགས་གཙོ་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་ཁྱབ་གདལ་སོང་རྗེས་སུ། རྒྱ་ནག་གཞུང་གིས་ཁོང་འདྲི་གཅོད་བྱེད་ཕྱིར་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༦ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཧྥ་རན་སིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ཀྱི་ཚོགས་གཙོ་མཱེན་ཧོ་ཝེ་རྒྱ་ནག་ལ་སྐོར་བསྐྱོད་ཕྱིན་རྗེས། བོར་བརླག་སོང་བའི་གནས་ཚུལ་ཁྱབ་བཞིན་པའི་སྐབས་སུ། ཁོ་རང་གི་སྐྱེས་ཡུལ་རྒྱ་ནག་གི་ས་གནས་ནས་འདྲི་རྩད་ཕྱིར་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་རེད།

ད་ལྟའི་ཆར་རང་ལོ་༦༤ ལ་སོན་པའི་མཱེན་ཧོ་ཝེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྒན་གྲས་ཤིག་དང་། རྒྱ་ནག་མི་མང་བདེ་འཇགས་ལྷན་ཁང་གི་བློན་ཆེན་ཞིག་ཡིན་འདུག་ཅིང་། ཁོང་ཧྥ་རན་སིའི་ལྷོ་ཕྱོགས་སུ་ཡོད་པའི་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་ནས་ཕྱི་ཟླ་༩ པའི་མཇུག་ཏུ་རྒྱ་ནག་ལ་སོང་ཡོད་འདུག

དེ་ཡང་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་གསར་འཕྲིན་ལ་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། “མཱེན་ཧོ་ཝེ་བདུན་ཕྲག་སྔོན་མར་རྒྱ་ནག་ནང་ཕྱིན་རྗེས་སྒྲིག་ཁྲིམས་དང་འབྲེལ་བའི་དབང་འཛིན་པ་ཚོས་འདྲི་རྩད་ཕྱིར་ཁྲིད་འདུག་”ཅེས་བརྗོད་ཡོད་འདུག་པ་དང་། ཕྱི་ཟླ་༩ པའི་ཕྱི་ཚེས་༢༥ ཉིན་ནས་མཱེན་ཧོ་ཝེའི་བཟའ་ཟླས་ཁོང་གི་སྐོར་ལ་གང་ཡང་གོ་ཐོས་མ་བྱུང་བའི་གནས་ཚུལ་ཧྥ་རན་སིའི་ཉེན་རྟོག་པར་བརྗོད་ཡོད་འདུག དེ་ནས་བཟུང་ཧྥ་རན་སིའི་ཉེན་རྟོག་པ་རྣམས་ཀྱིས་ཁོང་བོར་བརླག་སོང་བའི་སྐོར་ལ་མངོན་གསལ་དོད་པོར་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་འདུག མཱེན་ཧོ་ཝེའི་བཟའ་ཟླས་གནས་ཚུལ་དེ་ཧྥ་རན་སིའི་ཉེན་རྟོག་པར་བརྗོད་རྗེས་སུ་ཁ་པར་དང་། སྤྱི་ཚོགས་དྲ་ལམ་ཁག་བརྒྱུད་ནས་ཁོང་མོར་འཇིགས་སྐུལ་བྱུང་ཡོད་སྐོར་ཧྥ་རན་སིའི་ལྷན་ཁང་ཞིག་ནས་ཡིན་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་རོའུ་ཊར་གསར་ཁང་ལ་བརྗོད་ཡོད་འདུག་པ་དང་། ད་ལྟའི་ཆར་ཧྥ་རན་སིའི་ཉེན་རྟོག་པས་མཱེན་ཧོ་ཝེའི་བཟའ་ཟླ་སྲུང་སྐྱོབ་ཀྱི་འོག་བཞག་ཡོད་ཁར་མཱེན་ཧོ་ཝེའི་སྐོར་ལ་བརྟག་ཞིབ་བྱེད་བཞིན་པའི་སྒང་ཡིན་འདུག

ད་ལྟའི་ཆར་མཱེན་ཧོ་ཝེ་ས་གནས་གང་ཞིག་ཏུ་ཡོད་མེད་དང་། རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཁོང་ལ་འདྲི་གཅོད་བྱེད་བཞིན་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་མེད་ཀྱང་། ཁོས་རྒྱ་ནག་གི་དབང་འཛིན་པ་ཚོར་ཁ་གཏད་བཅག་ཡོད་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་འཛིན་བཟུང་བཀག་ཉར་བྱས་པའི་ཚོད་དཔག་བྱེད་བཞིན་པ་རེད་འདུག

མཱེན་ཧོ་ཝེ་ནི་ཕྱི་ལོ་༢༠༡༦ ལོར་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ཀྱི་ཚོགས་གཙོ་རུ་བསྐོ་བཞག་བྱུང་ཡོད་འདུག་ཅིང་། ཚོགས་པ་དེ་ནི་ཚོགས་མི་རྒྱལ་ཁབ་༡༩༢ ཡོད་པའི་རྒྱལ་སྤྱིའི་ཉེན་རྟོག་པའི་སྒྲིག་འཛུགས་ཆེ་ཤོས་དང་རྒྱལ་སྤྱིའི་ཁྲིམས་འགལ་བྱ་སྤྱོད་ལ་ཁ་གཏད་གཅོག་མཁན་གཙོ་བོ་ཞིག་སྟབས། དེའི་ཚོགས་གཙོར་རྒྱ་ནག་དམར་ཤོག་གི་མི་སྣ་མཱེན་ཧོ་ཝེ་བསྐོ་བཞག་བྱས་པ་ལ་བརྟེན་ནས། ཕྱི་ཕྱོགས་ཀྱི་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་མཁན་རྣམས་ལ་རྒྱ་ནག་གིས་གནོན་ཤུགས་སྤྲོད་བཞིན་པ་དེ་ཤུགས་ཆེ་རུ་འགྲོ་རྒྱུའི་ཐད་ལ་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་དང་། རྒྱལ་སྤྱིིའི་ཉེས་ཡངས་ཚོགས་པ་སོགས་ལ་སེམས་འཚབ་ཆེན་པོ་བྱུང་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༤ ཀློག་གྲངས།