༸གོང་ས་མཆོག་གིས་དབུ་མ་འཇུག་པའི་བཀའ་ཆོས་གནང་བ།

ཟླ་འདིའི་ཚེས་༣ ནས་ཉིན་བཞི་རིང་༸གོང་ས་མཆོག་གིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཐེ་ཝན་གཙོ་བོར་གྱུར་པའི་ཕྱི་ནང་དད་ལྡན་མང་ཚོགས་རྣམས་ལ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་བཀའ་ཆོས་གནང་གི་ཡོད་པ་རེད།

http://www.bod.asia

༧གོང་ས་མཆོག་གིས་ཉིན་གསུམ་པའི་གསུང་ཆོས་སྔོན་འགྲོར་བཀའ་སློབ་གནང་དོན། “ངོས་རང་སྔོན་མ་ཕྱི་ལོ་༡༩༨༢ ལོར་སིངྒ་པུར་ལ་སླེབས་པ་རེད། དེར་ནང་པའི་གནས་བརྟན་ཁ་ཤས་ཤིག་འདུག ཁོང་ཚོས་ཤེས་རབ་སྙིང་པོ་གསུངས་པ་རེད། སྐབས་དེར་ངོས་རང་ཧ་ཅང་ཡིད་འགུལ་ཐེབས་སོང་། སྔར་ཡིན་ན་རྒྱ་གར་ནང་དུ་ཤེས་རབ་སྙིང་པོ་གསུང་གི་ཡོད་པ་རེད། བར་སྐབས་ཉམས་སྟབས་ཁོང་ཚོས་གསུང་ཡོང་དུས་མ་འོངས་པར་དེ་འདྲའི་ཤེས་རབ་སྙིང་པོ་ཁྱབ་བརྡལ་སོང་ན་བསམ་སོང་། པར་སྐབས་འགྱུར་བ་མང་པོ་འགྲོ་བཞིན་འདུག ཉེ་སྔོན་ལྡི་ལི་རུ་ནང་པའི་འདུལ་བ་འཛིན་པའི་དགེ་སློང་ཁག་གཅིག་དང་ལྷན་ང་ཚོ་ཚོགས་འདུ་ཚོགས་པ་རེད། དེར་སྐད་ཆ་བཤད་སྐབས་ངོས་ཀྱིས་འདྲ་ཆགས་པོའམ་གཞུང་འབྲེལ་བྱས་ཏེ་སྐད་ཆ་བཤད་ཤེས་ཀྱི་མེད། དགའ་བོ་ཡང་མི་འདུག དྲི་བ་དང་པོ་དེ་ཆོས་ཟེར་བ་འདི་དེང་གི་འཛམ་གླིང་ལ་དགོས་མཁོ་འདུག་གམ་མི་འདུག་ངོས་ལ་དྲི་བ་འདི་ཡོད་ཅེས་བཤད་པ་ཡིན། དེ་དུས་ཡང་ཞུས་པ་ཡིན། ཆོས་ལུགས་ཁག་འདི་དག་ད་ལྟའི་འཛམ་གླིང་འདིར་དགོས་མཁོ་འདུག གང་ཡིན་ཟེར་ན། ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་ཡོད་པ་རེད། འཛམ་གླིང་འདིར་བྱམས་བརྩེ་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་བྱུང་། དེ་རིང་འདིར་ཡང་ཞུ་འདོད་བྱུང་། ཚོར་བ་བདེ་སྡུག་མེད་ན་གནས་ཚུལ་ཁ་ཁ་རེད་མ་གཏོགས་ཚོར་བ་བདེ་སྡུག་ཡོད་ཕྱིན་ཆད། ང་ཚོའི་འཛམ་གླིང་འདིའི་སྲོག་ཆགས་གྲོག་འབུ་ཚུན་ཆད་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། ང་ཚོ་མི་ལ་སྒོ་ལྔའི་ཤེས་པ་ཙམ་མིན་པའི་ཡིད་བློ་ཟེར་བ་ཞིག་ཡོད། སྒོ་ལྔའི་ཤེས་པ་དུད་འགྲོ་ཚང་མ་ལའང་ཡོད། ཡིད་བློ་དེ་ཤེས་རབ་ཀྱི་གྲོགས་དང་བཅས་ཏེ་ཤུགས་ཆེ་བ་ཡོད། ཀུན་འགྲོ་ལྔ། ཡུལ་ངེས་ལྔ་སོགས་བློ་རིག་བཤད་པའི་སྐབས་སུ་ཡོད། སྤྱིར་དུད་འགྲོ་ཚོར་ཆ་བཞག་ན་མིག་གིས་དུད་འགྲོ་ནང་ཚགས་མཐོང་བ་ལྟ་བུ་དང་། འཁྱག་པའི་སྐབས་སུ་ཉི་མའི་ཚོར་བ་ཡོད་པ་ལྟ་བུའི་བདེ་སྐྱིད་ཅིག་དོན་དུ་གཉེར་གྱི་ཡོད་པ་རེད། དེ་ལྟ་བུའི་ཐོག་ནས་སྡིག་པ་མཐོང་བ་ཡིན་ན་གཡོལ་བ་ལྟ་བུ་ཡོང་གི་ཡོད། དུད་འགྲོ་ཁྱི་ལྟ་བུས་ཀྱང་སྒྲ་སྙན་པོ་བྱུང་ན་རྩེ་གཅིག་ཏུ་ཉན་པ་ལྟ་བུ་འབྱུང་གི་འདུག དེ་བཞིན་དྲི་རོ་རེག་བྱ་དང་། རེག་བྱའི་ནང་དུ་འཁྲིག་པའི་རེག་བྱ་དབང་པོ་གཉིས་སྦྱོར་སོགས་གང་ལྟར་སོ་སོའི་རིགས་རྒྱུད་སྤེལ་བ་ལའང་འབྲེལ་བ་ཡོད་པ་རེད། སྒོ་ལྔའི་ཤེས་པའི་ཐོག་ནས་བདེ་སྐྱིད་ཕྲན་བུ་དུད་འགྲོ་ཚོ་ལའང་ཡོད། ཡིད་བློའི་སྟེང་ནས་ཕལ་ཆེར་དུད་འགྲོ་ཚོར་ཧ་ཅང་ཁག་པོ་རེད་”ཅེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་མི་དང་འབྲེལ་ནས་གསུང་དོན། “འཛམ་བུའི་གླིང་འདིར་མི་དུང་ཕྱུར་བདུན་ཅུ་ཡོད་པ་འདི་དག་དངོས་པོའི་གནས་ཚུལ་ལ་ཡིད་བློའི་ཐོག་ནས་སེམས་སྐྱིད་མ་སྐྱིད་ཆེན་པོ་ཡོང་གི་ཡོད་པ་རེད། སྤྱིར་བཏང་ཟེར་དུས་ཕལ་ཆེར་སྒོ་ལྔའི་ཤེས་པ་ཁོ་ན་མ་གཏོགས་བསམ་བློ་མང་པོ་འཁོར་གྱི་མི་འདུག དེར་བརྟེན་དངོས་གཙོའི་མི་ཚེ་དེ་སྒོ་ལྔའི་ཤེས་པ་རྐྱང་རྐྱང་སྟེང་དུ་ལྟད་མོ་ལྟ་བ་དང་། རོལ་མོར་ཉན་པ། དྲི་ཞིམ་སོགས་གང་ལྟར་སྒོ་ལྔའི་ཤེས་པ་རྐྱང་རྐྱང་ངམ། གནས་སྐབས་ཀྱི་ཚོར་བ་སིམ་པ་ཡོང་བ་དང་། དེ་དང་འབྲེལ་ནས་ཡིད་བློའི་སྟེང་སིམ་པ་མྱོང་བ་ལྟ་བུ་ཡོང་བས་འགྲོ་བཞིན་འདུག དེར་བརྟེན་སྒོ་ལྔའི་ཤེས་པའི་ཐོག་ནས་གཟུགས་སྒྲ་དྲི་རོ་རེག་བྱ་བཅས་ཀྱི་མཐུན་རྐྱེན་ཧ་ཅང་བཟང་པོ་ཡོད་ནའང་། ཡིད་བློའི་སྟེང་ནས་སེམས་འཁྲུགས་ཏེ་སེམས་མ་སྐྱིད་པར་སྡོད་མཁན་ཚོ་སྒོ་ལྔའི་ཤེས་པ་དང་འབྲེལ་བའི་བདེ་སྐྱིད་ཀྱིས་སེམས་ཀྱི་སྡུག་བསྔལ་སེལ་ཐུབ་ཀྱི་མེད། མ་གཞི་ཁ་སང་བཤད་པ་ཡིན་བསམ་སོང་། སེམས་ཀྱི་ཞི་བདེ་ཞིག་གམ་སེམས་ཀྱི་གཏིང་ནས་བདེ་སྐྱིད་ཅིག་ཡོད་པ་ཡིན་ན་སྒོ་ལྔའི་ཤེས་པའི་སྟེང་ནས་མཐུན་རྐྱེན་མེད་པའི་བྱ་བྲལ་ལྟ་བུ་རེད། གང་ལྟར་ང་ཚོའི་མི་ལ་རྣམ་དཔྱོད་ཅིག་ཡོད་པ་ཡིན་པས་རྣམ་དཔྱོད་དེ་ནི་ཀླད་པ་ལ་རྐྱེན་བྱས་ཏེ་རང་བཞིན་གྱིས་ཡོད་པ་རེད། རྣམ་དཔྱོད་དེ་དང་འབྲེལ་ནས་རེ་བ་དང་དོགས་པ་མང་པོ་ཞིག་ཡོང་གི་ཡོད། དེ་འཆར་ཅན་ཏུ་མ་བཞག་པར་ཡིད་བློའི་སྟེང་ལ་བཟོ་བཅོས་དང་འགྱུར་བ་གཏོང་རྒྱུ་ཡོད་མེད་སྔོན་ལ་བསམ་བློ་ཞིག་བཏང་། ཡིད་བློའི་སྟེང་ནས་འགྱུར་བ་གཏོང་བ་སྤྱིར་རྒྱ་གར་གྱི་གཞུང་ལུགས་ནང་ལ་ཁ་སང་བཤད་པ་ལྟར་རེད། སེམས་རྩེ་གཅིག་པའི་ཞི་གནས་དང་སོ་སོར་རྟོག་པའི་དཔྱད་པའི་ལྷག་མཐོང་ལོ་སྟོང་ཕྲག་གསུམ་བཞིའི་ནང་ལ་ཡོད་པ་རེད། དེ་སེམས་ལ་འགྱུར་བ་གཏོང་བ་རེད། སངས་རྒྱས་པའི་ཆོས་འདི་དེའི་གྲས་གཅིག་ཆགས་ཡོད། བསམ་བློར་འགྱུར་བ་གཏོང་བའི་ཆོས་ལུགས་ཤིག་རེད། བསམ་བློར་འགྱུར་བ་གཏོང་བ་ལ་དད་པས་འགྱུར་བ་ཕྲན་བུ་འགྲོ་ཐུབ་ཀྱི་རེད། དཔེར་ན། ཡི་ཤུའི་ཆོས་པ་དང་། ཁ་ཆེའི་ཆོས་པ། འཇེའུ་ཆོས་པ་སོགས་དད་པ་རྩེ་གཅིག་བྱེད་པ་དང་། དེ་དང་འབྲེལ་ནས་མི་ལ་བྱམས་བརྩེ་བྱེད་པ་དང་བཟོད་པ་སྒོམ་པ། ཆོག་ཤེས་བྱེད་པ་སོགས་ཡོང་གི་ཡོད། རྒྱ་གར་གྱི་དད་པ་དེ་གཙོ་བོ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་ཞིག་ལ་བསམ་བློ་གཏོང་བ་དང་། དེའི་ནང་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་རིགས་པས་རྣམ་འབྱེད་ཀྱི་ཤེས་རབ་དེ་ཧ་ཅང་གལ་ཆེན་པོར་བརྩིས་བ་དང་། ལྷག་པར་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ཚོ་དང་། ཤེས་རབ་སྙིང་པོ་འདོན་མཁན་ཚོས་ཆོས་རིགས་པས་རྣམ་འབྱེད་ཀྱི་ཤེས་རབ་ལ་དོ་སྣང་བྱེད་ཀྱི་ཡོད་པ་རེད། མིག་ཤེས་ཀྱིས་སྟོང་ཉིད་སྒོམ་ཟེར་བ་གོ་རྒྱུ་མེད་པ་དང་། མིག་གི་ཤེས་པར་སྟོང་ཉིད་སྒོམ་ཟེར་བ་བཤད་ཐུབ་ཀྱི་མེད། གང་ལྟར་ཡིད་བློ་རྐྱང་རྐྱང་རེད། དེར་བརྟེན་ཡིད་བློ་དང་འབྲེལ་བའི་བདེ་སྡུག་དེ་གལ་ཆེ་ཤོས་ཆགས་ཡོད་པ་རེད། དེ་བཅོས་ཐུབ་པ་ཡིན་ན་མིའི་ཀླད་པ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་གོ་ཆོད་པ་རེད། མིའི་ཀླད་པ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེས་སེམས་ལ་རེ་དོགས་སྣོན་པ་སྐྱེས་པ་ཡིན་ན་མི་ལུས་རྩ་ཆེན་པོ་ཟེར་ན། འཛམ་གླིང་འདིར་སྲོག་ཆགས་འདྲ་མིན་ས་ཡ་མང་པོ་ཡོད་ཀྱང་རྙོག་དྲ་ཚང་མ་བཟོ་མཁན་མི་རེད་”ཅེས་སོགས་ཀྱི་བཀའ་སློབ་བསྩལ།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༢༥ ཀློག་གྲངས།