མི་མང་ལྷག་དཀར་དབུ་བཙུགས་ནས་ལོ་ལྔ་འཁོར་བའི་དུས་དྲན།

ཟླ་འདིའི་ཚེས་༥ ཉིན་ནིའུ་ཡོག་དང་ནིའུ་འཇར་སིའི་མི་མང་ལྷག་དཀར་དབུ་བཙུགས་ནས་ལོ་ངོ་ཧྲིལ་པོ་ལྔ་འཁོར་བའི་དུས་དྲན་མཛད་སྒོ་ནིའུ་ཡོག་ཏུ་འཚོགས་པ་སྟབས་བསྟུན། དཔལ་འབྱོར་འདུ་འགོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

ནིའུ་ཡོག་དང་ནིའུ་འཇར་སིའི་མི་མང་ལྷག་དཀར་ཚོགས་པ་ས་གནས་དེར་གནས་སྡོད་བོད་དོན་ལས་འགུལ་བ་ཁག་ཅིག་མཉམ་རུབ་ཀྱིས་བཙུགས་པ་ཞིག་ཡིན་པ་དང་། ཁོང་ཚོས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “ལྷག་དཀར་ཞེས་པ་ལས་འགུལ་འདི་ཐོག་མར་ནིའུ་ཡོག་ཏུ་བརྩམས་པ་ཞིག་མ་ཡིན་པར་༢༠༠༨ ལོར་ནས་རྒྱ་ནག་དམར་གཞུང་གིས་དྲག་གནོན་མནར་གཅོད་ལ་ངོ་རྒོལ་སླད་བོད་ནང་གི་བོད་མི་རྣམས་ནས་བརྩམས་པའི་གསར་བརྗེ་ཞིག་ཡིན། དེ་ཡང་རེས་གཟའ་ལྷག་པ་ནི་ང་ཚོའི་བལྟ་བའི་མིག་དང་ཁོག་པའི་སྙིང། འཛམ་གླིང་ཞི་བདེའི་དེད་དཔོན་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་བླ་གཟའ་ཡིན། དེའི་ཉིན་བོད་ནང་མཚོན་ན་རང་གི་བོད་ཆས་གྱོན་པ་དང། བོད་ཟས་མཆོད་པ། བོད་སྐད་བཤད་པ་སོགས་གནང་གི་ཡོད། གང་ལྟར་ཟ་ཁང་དང་ཚོང་ཁང་ཞིག་ཀྱང་ཡིན་རུང་བོད་པའི་ཚོང་ཁང་ནང་དུ་འགྲོ་ཡི་ཡོད། འདི་ག་ནིའུ་ཡོག་ཏུ་དུས་ཚོད་དང་དེའི་རྐྱེན་པའི་བོད་ནང་གི་བོད་མི་རྣམས་ཀྱིས་བརྩམས་པའི་གསར་བརྗེ་དེ་ལ་རྒྱབ་བསྐྱོར་དང་གདུང་སེམས་མཉམ་བསྐྱེད་སླད། མི་མང་ཉུང་ལ་མ་ལྟོས་པར་རེ་གཟའ་ལྷག་པ་ནམ་ཡིན་ལ་ལྷག་དཀར་སྲུང་བརྩི་བྱས་ཡོད། སྲུང་བརྩི་བྱས་པའི་སྐབས་ལའང་གཙོ་བོར་དམིགས་ས་དེ་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་སོགས་བདག་ཉར་དང་ཉམས་པ་སླར་གསོ་མི་ཉམས་གོང་འཕེལ་གཏོང་ཐབས་བྱེད་རྒྱུ་དེ་ཡིན་”ཞེས་འཁོད་འདུག

མཛད་སྒོ་ལྷག་དཀར་ཚོགས་པའི་ཚོགས་མི་བསྟན་འཛིན་དབང་འདུས་ཀྱི་གཙོ་སྐྱོང་འོག སྐུ་མགྲོན་གཙོ་བོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས། ལྷག་དཀར་ལས་འགུལ་གལ་ཆེ་སྐོར་དང་། བོད་མི་ཚང་མ་དེའི་ནང་མཉམ་ཞུགས་ཀྱིས་རྒྱུན་མཐུད་དགོས་སྐོར་གསུངས་པ་དང་། གཞས་སྣ་འཁྲབ་སྟོན་བྱས་ཡོད་པ་རེད། ཉིན་དེར་ཚོགས་པའི་འགྲོ་གྲོན་ཆེད་རྒྱན་ཤོག་བཙོང་པ་ཁག་འདེམས་སྒྲུག་གིས་ཨང་དང་གཉིས་གསུམ་ལ་རྒྱན་ཤོག་གི་ཐོབ་པའི་དངུལ་སྤྲད་པ་དང་། ཚོགས་པའི་རྒྱུན་ལས་རྣམས་ལ་ཞབས་ཕྱིའི་ལག་ཁྱེར་རེ་སྤྲད་ཡོད་པ་རེད།

གཟའ་ལྷག་པ་༧གོང་ས་མཆོག་གི་བླ་གཟའ་རེད་ལ། བོད་མི་ཡོངས་ཀྱིས་གལ་ཆེན་དུ་བརྩིས་ཏེ། ཉིན་དེར་དགེ་སྒྲུབ་སྡིག་སྤོང་བྱེད་མཁན་ཡང་མང་པོ་ཡོད་རེད། ༢༠༠༨ ལོའི་བོད་ནང་གི་རྒྱ་རྒོལ་ཆེན་མོའི་རྗེས་སུ། བོད་ནང་ནས་གཟའ་ལྷག་པ་ཉིན་བོད་མིའི་ངོ་བོ་མ་བརླགས་ཆེད་དང་། རྒྱ་བོད་ཐ་དད་ཡིན་པ་མཚོན་ཆེད་དུ་མཉམ་རུབ་ཐོག་ཚང་མས་བྱེད་ཐུབ་པའི་ལས་འགུལ་ཞིག་འགོ་བཙུགས་རེད། དེ་ནི་ཉིན་དེར་བོད་ཟས་ཟ་བ་དང་། བོད་ཆས་གྱོན། བོད་སྐད་བཤད། ཅ་ལག་ཉོ་ཚོང་ཡང་བོད་པ་ནང་ཁུལ་དུ་བྱེད་པའི་ཆབ་སྲིད་ཀྱི་ལས་འགུལ་ཤུགས་ཆེན་ཞིག་རེད། ལས་འགུལ་དེའི་རིགས་མི་རིགས་ཀྱི་འཐབ་རྩོད་པ་མང་པོའི་ནང་བྱུང་ཡོད་རེད་ལ། དེ་རྗེས་བཙན་བྱོལ་ནང་དེར་གཞོག་འདེགས་ཆེད་ལས་འགུལ་མང་པོ་སྤེལ་ཡོད་པ་རེད།

རྒྱ་ནག་གི་དམ་དྲག་དབང་གིས་བོད་ནང་ཡང་ས་གནས་དང་མི་སྒེར་རེ་ཟུང་ལས་ཚང་མས་དེ་ཙམ་ནུས་ཤུགས་འདོན་ཐུབ་ཀྱི་མེད་པ་དང་། ༢༠༡༤ ལོ་ནས་ལོ་ལྔ་རིང་གཟའ་ལྷག་པ་རྟག་པར་ལས་འགུལ་རྒྱུན་མཐུད་ཡོད་པ་ནི་ད་ལྟའི་ཆར་ནིའུ་ཡོག་ལྷག་དཀར་ལས་འགུལ་བ་ཚོ་ཆགས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༧༣༡ ཀློག་གྲངས།