དཔའ་བོ་དཔའ་མོར་རྗེས་དྲན་ལག་སྤོལ་རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁ།

ཟླ་འདིའི་ཚེས་༧ ཉིན་དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་བྱས་པའི་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་ལག་རྩེད་སྤོ་ལོའི་རྩེད་འགྲན་མཐའ་མ་དེ་བྱས་ཏེ། བུ་རྩེད་འགྲན་པ་གྷུ་རུ་ཊ་རུ་ཁག་དང་། བུད་མེད་རྩེད་འགྲན་པ་མུན་སེར་རུ་ཁག་གཉིས་ལ་མཐའ་མའི་རྒྱལ་ཁའི་གཟེངས་རྟགས་ཐོབ་ཡོད་པ་རེད།

རྩེད་འགྲན་དེ་ནི་ལོ་ལྟར་བོད་ཀྱི་དཔའ་བོ་དཔའ་མོར་རྗེས་དྲན་ཆེད་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་ཉིན་མོ་དང་སྟབས་བསྟུན་ནས་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། འདི་ལོར་ཉིན་བཅུ་གཉིས་རིང་རྩེད་འགྲན་བྱས་ཡོད་པ་རེད། བུའི་རྩེད་འགྲན་ནང་རུ་ཁག་བཅུ་མཉམ་ཞུགས་དང་། བུད་མེད་རྩེད་འགྲན་ནང་རུ་ཁག་དྲུག་མཉམ་ཞུགས་བྱས་ཏེ། ཟླ་འདིའི་ཚེས་༧ ཉིན་གཞོན་ལྷན་དབུ་བརྙེས་པའི་ཉིན་མོ་དང་སྟབས་བསྟུན། རྩེད་འགྲན་མཐའ་མ་བྱས་ཡོད་པ་རེད། མཐའ་མའི་རྩེད་འགྲན་ནང་བུ་རུ་ཁག་ས་རཱ་དང་གྷོ་རུ་ཊ་གཉིས་སླེབས་ཏེ། གྷ་རུ་ཊར་ཨང་དང་པོའི་རྒྱལ་ཁ་དང་། བུད་མེད་རུ་ཁག་ནང་ནོར་གླིང་དང་མུན་སེལ་གཉིས་སླེབས་ཏེ། མུན་སེལ་རུ་ཁག་ལ་ཨང་དང་པོའི་རྒྱལ་ཁབ་ཐོབ་ཡོད་པ་རེད།

མཐའ་མའི་རྩེད་འགྲན་གྱི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་ཡེ་ཤེས་ཕུན་ཚོགས་དང་གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་གཉིས་ཀྱིས་ལམ་སྟོན་གསུང་བཤད་དང་རྩེད་འགྲན་པར་གཟེངས་རྟགས་གནང་ཡོད་པ་རེད།

དུས་དྲན་ཉིན་དེ་དང་བསྟུན་ནས་དབུས་བོད་ཀྱི་གཞོན་ལྷན་གྱི་གཏམ་བཤད་ནང་གཞོན་ལྷན་ཐོག་མར་འཛུགས་དགོས་དོན་སྐོར་འཁོད་དོན། “གཞིས་ལུས་བོད་མི་ཚོས་རྒྱ་དམར་གྱིས་ཧམ་བཟུང་བྱས་པའི་བོད་མི་རིགས་ཀྱི་ཕ་ས་དང་ཕ་གཞིས་འཐབ་རྩོད་ཀྱིས་བོད་རང་བཙན་སླར་གསོའི་ལས་འགུལ་སྣ་མང་ལུ་གུ་བརྒྱུད་དུ་སྤེལ་བཞིན་པའི་མངོན་འདོད་སྒྲུབ་ཆེད་དུ། ཕྱི་ལོ་༡༩༧༠ ཟླ་༡༠ ཚེས་༧ ཉིན་རིགས་ཞེན་དང་ལ་རྒྱའི་གསོན་ཤུགས་ལྡན་པའི་བྱེས་གྱར་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་དཀའ་ངལ་མཐའ་དག་ལ་གདོང་ལེན་དང་རང་སྲོག་ཚུན་ལའང་ལྟོས་མེད་ཀྱིས་བོད་རང་བཙན་གྱི་རྒྱལ་ཁབ་སླར་གསོའི་འཐབ་རྩོད་བྱ་རྒྱུ་ཡིན་ཞེས་པའི་འགྱུར་མེད་ཀྱི་དམ་བཅའ་སྙིང་དབུས་སུ་བཅངས་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་དངོས་སུ་དབུ་འཛུགས་གནང་”ཞེས་དང་། མ་འོངས་པར་གཞོན་ལྷན་གྱི་ལས་དོན་བྱེད་ཕྱོགས་དང་མི་མང་གིས་བོད་དོན་ལས་འགུལ་མུ་མཐུས་སྤེལ་དགོས་སྐོར་འཁོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༠༨༦ ཀློག་གྲངས།