བྷེ་ར་ཛེལ་གྱི་སྲིད་འཛིན་འོས་བསྡུ་རིམ་པ་གཉིས་པ་འགྲོ་དགོས་པ་ཆགས་འདུག

བྷེ་ར་ཛེལ་གྱི་སྲིད་འཛིན་འོས་བསྡུ་རིམ་པ་དང་པོའི་སྐབས། མི་མང་པོས་ཚོད་དཔག་བྱས་པ་ལྟར་སྲིད་འཛིན་འོས་མི་ཇེར་བྷོལ་སོ་ན་རཱོ་ལ་འོས་གྲངས་བརྒྱ་ཆ་༥༠ ཐོབ་མེད་པས།  སྲིད་འཛིན་འོས་བསྡུ་རིམ་པ་གཉིས་དེ་འགྲོ་དགོས་པ་ཆགས་འདུག

ཟླ་༡༠ པའི་ཚེས་༧ ཉིན་བྷེ་ར་ཛེལ་གྱི་སྲིད་འཛིན་དང་གྲོས་ཚོགས་རིམ་པ་ཁག་ཅིག་གི་འོས་བསྡུར་མི་མང་ས་ཡ་༡༤༧ གྱིས་མཉམ་ཞུགས་བྱས་འདུག་པ་དང་། སྲིད་འཛིན་འོས་བསྡུའི་གྲུབ་དོན་དུ་མི་རིགས་རིང་ལུགས་མཁྲེགས་འཛིན་པ་ཇེར་བྷོལ་སོ་ན་རཱོ་ལ་འོས་གྲངས་བརྒྱ་ཆ་༤༧ དང་། ཁོང་གི་འགྲན་ཟླ་ཆེ་ཤོས་འོས་མི་གཞན་ཧཱ་ཌེ་ལ་འོས་གྲངས་བརྒྱ་ཆ་༢༨ ཐོབ་འདུག མི་མང་པོ་ཞིག་གིས་ཚད་དཔག་བྱས་པ་ལྟར་སྲིད་འཛིན་འོས་མི་ཇེར་བྷོལ་སོ་ན་རོ་ལ་རིམ་པ་དང་པོར་སྲིད་འཛིན་འོས་འདེམས་བྱུང་བར་དགོས་ངེས་ཀྱི་འོས་གྲངས་བརྒྱ་ཆ་༥༠ ཐོབ་མེད་པས། ཟླ་༡༠ པའི་ཚེས་༢༨ ཉིན་སྲིད་འཛིན་འོས་བསྡུ་རིམ་པ་གཉིས་པ་དེ་བྱ་རྒྱུ་རེད་འདུག

ཇེར་བྷོལ་སོ་ན་རོའི་སྲིད་དོན་ཚོགས་པར་གྲོས་ཚོགས་འོག་མའི་ནང་རྐུབ་སྟེགས་༥༠ ཐོབ་ནས། གྲོས་ཚོགས་འོག་མའི་ནང་རྐུབ་སྟེགས་མང་ཤོས་ཀྱི་སྲིད་དོན་ཚོགས་པ་གཉིས་པ་དེ་ཆགས་འདུག མི་མང་པོ་ཞིག་གིས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་ནི། བྷེ་ར་ཛེལ་གྱི་ཆབ་སྲིད་ཁོར་ཡུག་ནས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བསྟུད་མར་ལྷག་གི་ཡོད་པས། ཁོང་ནི་དམག་མི་ཟུར་པ་དང་གྲོས་ཚོགས་མི་སྣ་ཞིག་ཡིན་པས། ཁོང་གི་མི་རིགས་དབྱེ་འབྱེད་དང་། ཁ་ཆེ་ཆོས་ལུགས་དང་མཚན་མཐུན་དགའ་པོ་བྱེད་མཁན་ལ་སྡངས་སེམས་ཀྱི་བྱ་སྤྱོད་ལ་མ་ལྟོས་པར། ལྐོག་ཟ་རུལ་སུངས་བྱེད་མཁན་ཞིག་མིན་པར་ངོས་འཛིན་དང་། རྒྱལ་ཁབ་དེའི་ནང་མེ་མདའ་དྲག་སྤྱོད་དེ་ཁོང་གིས་ཁ་གཏད་དྲག་པོ་གཅོག་རྒྱུ་ཁས་ལེན་བྱས་པ་ལྟར་ཡིད་ཆེད་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་འདུག

ཇེར་བྷོལ་སོ་ན་རེ་ཡིས་དེ་སྔོན་དབང་ཆ་གཅིག་སྡུད་རིང་ལུགས་དང་། རྒྱལ་ཁབ་དམག་མི་འཛིན་སྐྱོང་འོག་ལ་གནས་པར་རྒྱབ་སྐྱོར་ཡོད་ཚུལ་བརྗོད་མྱོང་བ་མ་ཟད། བུད་མེད་ལ་ཚིག་རྩུབ་ཀྱང་ཡོངས་བསྒྲགས་སུ་བརྗོད་མྱོང་འདུག དེ་བཞིན་མི་རིགས་ནག་པོ་དང་ཕྱི་མི། མཚན་མཐུན་དགའ་རོགས་བྱེད་མཁན། གདོད་མའི་ཚོགས་སྡེ་སོགས་ལ་མི་རིགས་དབྱེ་འབྱེད་ཀྱི་གཏམ་བཤད་མང་པོ་བྱས་མྱོང་འདུག དེ་བཞིན་དེ་སྔོན་ཟླ་༩ པའི་ནང་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཞིག་གི་སྐབས། མང་ཚོགས་དཀྱིལ་ནས་མི་ཞིག་གིས་ཁོང་ལ་གྲི་བརྒྱབ་ནས་སྨན་ཁང་དུ་སྨན་བཅོས་བྱེད་དགོས་འཁེལ་ཡོད་པ་རེད།

འོས་བསྡུ་རིམ་པ་དང་པོ་དེར་ཁོང་ལ་འོས་གྲངས་ཧེ་བག་ཆེན་པོའི་རྒྱལ་ཁ་ཐོབ་ཡོད་ཀྱང་། རིམ་པ་གཉིས་པར་སྲིད་འཛིན་འོས་མི་གཞན་རྣམས་ཀྱི་རྒྱབ་སྐྱོར་བ་ཚོས་ཨང་རིམ་གཉིས་པ་སོན་མཁན་འོས་མི་ཧཱ་ཌེ་ལ་རྒྱབ་སྐྱོར་བྱས་ཚེ། འོས་བསྡུའི་གྲུབ་དོན་ལ་ཚོད་དཔག་བྱེད་དཀའ་བ་ཡིན་འདུག

བྷེ་ར་ཛེལ་ནི་ལྷོ་ཨ་མི་ར་ཀ་གླིང་ཕྲན་ནང་མི་མང་ཤོས་དང་དཔལ་འབྱོར་ཡག་གྲས་ཀྱི་རྒྱབ་ཁབ་ཅིག་ཡིན་འདུག་ཀྱང་། ཉེ་ལམ་ནས་ལྐོག་ཟ་རུལ་སུངས་དང་དྲག་སྤྱོད་ཀྱི་གནད་དོན་རྐྱེན་པས། རྒྱལ་ཁབ་དེའི་སྟོབས་ཤུགས་ཉམས་རྒུད་དུ་འགྲོ་བཞིན་འདུག་པས། མི་མང་གིས་སྲིད་འཛིན་གསར་པ་དེས་རྒྱལ་ཁབ་ཀྱི་མདུན་ལམ་ཡག་ཏུ་གཏོང་བའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༡༢༡༣ ཀློག་གྲངས།