སྲིད་སྐྱོང་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ལ་བོད་དོན་གསུང་བཤད་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ། ཚོགས་འདུ་གཉིས་ལ་མཉམ་ཞུགས་ཀྱིས་རྒྱ་ནག་གི་སྲིད་བྱུས་དང་བོད་ནང་གི་གནས་སྟངས་ཐད་གསུང་བཤད་གནང་འདུག

དེ་ཡང་ཟླ་༡༠ པའི་ཚེས་༧ ཉིན་ཡུ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱི་རག་ཏུ། རྒྱ་ནག་གི་སྲིད་བྱུས་རྒྱུད་གཅིག་ལམ་གཅིག་ཐོག་ལ་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། དེར་མཉམ་ཞུགས་གནང་མཁན་གསར་འགོད་པ་དང་རྒྱ་རིག་པ་བ། རྩོམ་པ་པོ། དེང་རབས་སྒྱུ་རྩལ་བ་བོད་མི་བསྟན་འཛིན་རིག་གྲོལ་སོགས་ཡོད་འདུག

སྲིད་སྐྱོང་གིས་རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༥༩ ལོར་བོད་ལ་བཙན་འཛུལ་ཇི་ལྟར་བྱས་པའི་སྐོར་གསུང་དོན། རྒྱ་ནག་གིས་བོད་ནང་གཞུང་ལམ་བཟོ་ཕྱིར་བོད་པ་ཚོར་དངུལ་ཏཱ་ཡང་ཕངས་མེད་དུ་སྤྲད་ཡོད། དེར་བརྟེན་སྐབས་དེར་བོད་མིའི་ཁ་རྒྱུན་དུ། རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད། །དངུལ་ཏཱ་ཡང་ཆར་བ་འབབ་འབབ་རེད། །ཅེས་གླུ་གཞས་གཏོང་སྲོལ་ཡང་བྱུང་བ་རེད། ཕྱིས་སུ་བོད་པ་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་ཁྲིན་ཏུར་དངུལ་ཏཱ་ཡང་གི་བཟོ་གྲྭ་ཞིག་བཙུགས་ཡོད་པ་དང་། རྒྱ་ནག་གཞུང་གིས་བཟོ་གྲྭ་དེ་ནས་དངུལ་ཏཱ་ཡང་བཟོས་ནས་བོད་པ་ཚོར་སྤྲད་པ་ཞིག་རེད་འདུག རྗེས་སུ་ཁོང་ཚོས་བོད་པའི་ལག་ནས་དངུལ་དེ་དག་བསྐྱར་དུ་ཚུར་ལེན་ཐུབ་རྒྱུ་ཡིན་པ་གདེང་ཚོད་རྙེད་པ་རེད། རྒྱ་ནག་གཞུང་གིས་བོད་ནང་གཞུང་ལམ་བཟོས་ཟིན་རྗེས། ཁོ་ཚོས་བོད་ལ་གོ་མཚོན་དབོར་འདྲེན་བྱེད་མཁན་གྱི་རླངས་འཁོར་བཏང་ནས་རིམ་བཞིན་བོད་བཙན་བཟུང་བྱས་ཡོད། བཙན་འཛུལ་བྱས་པའི་ཉེར་ལེན་ལ་བརྟེན་ནས་དེ་སྔ་རྒྱ་གཞུང་གིས་བོད་མི་ཚོར་སྤྲད་པའི་དངུལ་ཏཱ་ཡང་དེ་དག་ཕྱིར་བླངས་པ་ཙམ་མ་ཟད། མཐའ་ན་བོད་པའི་སྐུ་དྲག་མི་དྲག་ཚོས་རང་ཉིད་རྒྱ་ནག་གི་དབང་འོག་ནས་ཐར་ཆེད་དངུལ་ཏཱ་ཡང་ཧ་ཅང་མང་པོ་ལྐོག་ཏུ་སྤྲད་པའི་གནས་ཚུལ་ཡང་བྱུང་ཡོད།

དེང་སྐབས་རྒྱ་ནག་གི་དཔལ་འབྱོར་སོགས་ཀྱི་ཤུགས་རྐྱེན་ཡུ་རོབ་ནང་སླེབས་ཟིན་ཡོད་སྟབས། ཁྱེད་ཚོས་རྒྱ་ནག་གི་གཅིག་བསྡུས་ལམ་ལུགས་དེར་འགྱུར་བ་གཏོང་རྒྱུ་ཡིན་ནམ། ཡང་ན་ཁྱེད་རང་ཚོ་རང་ཉིད་རྒྱ་ནག་གི་གནོན་ཤུགས་འོག་ཚུད་ནས་རང་དབང་དང་གུ་ཡངས་རྩ་བ་ནས་མེད་ཁར། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ལའང་བརྩི་བཀུར་ཞུ་མི་ཐུབ་མཁན་ཞིག་ཆགས་རྒྱུ་ཡིན། འདམ་ག་དེ་གཉིས་ལས་མེད། བོད་ནང་གནས་ཚུལ་ཐབས་སྡུག་པོ་བྱུང་བ་བཞིན་ཁྱེད་ཚོ་ལའང་དེ་ལྟར་འབྱུང་སྲིད་པ་ཞིག་རེད། བོད་དོན་ཆེད་རྒྱབ་སྐྱོར་བྱེད་པ་ནི། མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་། འཚེ་མེད་ཞི་བ། གྲོས་མོལ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་གཅིག་མཚུངས་རེད།

འཛམ་གླིང་གི་དཀའ་རྙོག་སེལ་བར་ཐབས་ལམ་གཉིས་ཡོད་དེ། དཔེར་ན་བོད་ཀྱི་ཐབས་ལམ་ནི་འཚེ་མེད་ཞི་བ་དང་། ཞི་བདེ། གྲོས་མོལ་བཅས་ཀྱི་ཐབས་ལམ་ཞིག་ཡིན་པ་དང་། གཞན་དེ་ནི་དྲག་པོའི་ཐབས་ལམ་རེད། གལ་ཏེ་ཁྱེད་ཚོས་བོད་ཀྱི་ཐབས་ལམ་ལ་རྒྱབ་སྐྱོར་མ་གནང་ཚེ། ཁྱེད་ཚོས་དྲག་པོའི་ཐབས་ལམ་ལ་རྒྱབ་སྐྱོར་བྱེད་པ་དང་གཅིག་པ་རེད།

བོད་ནང་གི་འགྲོ་བ་མིའི་གནས་སྟངས་ཐོག་རང་དབང་ཁང་པས་(Freedom House) བཏོན་པའི་གྲངས་ཐོའི་ནང་སི་རི་ཡའི་རྗེས་འཛམ་གླིང་ནང་དམ་དྲག་ཆེ་ཤོས་ནི་བོད་རེད་ཅེས་འཁོད་ཡོད་པ་དང་། གསར་འགོད་པ་ཚོ་བྱང་ཀོ་རི་ཡ་ལས་བོད་ནང་འགྲོ་རྒྱུར་དཀའ་ལས་ཁག་པ་ཡོད་སྐོར་གསུངས་ནས། རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་མིན་ལ་མ་ལྟོས་པར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། དྲང་བདེན་སོགས་གོང་མཐོར་གཏོང་ཆེད་ཁོང་གིས་མུ་མཐུད་འབད་བརྩོན་བྱེད་རྒྱུ་ཡིན་སྐོར་གསུངས་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱ་ཆེ་མི་མང་དང་བོད་ཀྱི་གནད་དོན་སེལ་ཆེད་ཞབས་ཞུ་སྒྲུབ་བཞིན་ཡོད་པའི་སྐོར་གསུངས་འདུག

དེའི་རྗེས་སུ་༢༠༠༠ ལོའི་གླེང་སྟེགས་ཞེས་པའི་ཐོག་མཉམ་ཞུགས་གནང་འདུག་པ་དང་། སྐབས་དེར་སྲིད་སྐྱོང་གིས་རྒྱ་ནག་གིས་གོ་ལ་ཡོངས་ལ་ཁ་གཏད་གཅོག་གི་ཡོད་མེད་ཐོག་གི་དྲི་བ་དང་འབྲེལ་ནས་ལན་འདེབས་གནང་དོན།

ཕྱི་ལོ་༢༠༡༧ ལོར་རང་དབང་ཁང་པས(Freedom House)སྙན་ཐོ་བཏོན་པ་ལྟར་ན་རྒྱ་ནག་ནི། འཛམ་གླིང་ནང་དྲ་རྒྱའི་རང་དབང་ཐོག་དམ་དྲག་ཤུགས་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་རེད་ཅེས་འཁོད་ཡོད། རྒྱ་ནག་གི་སྟོབས་ཤུགས་འཕེལ་བཞིན་པའི་སྐབས་འདིར་རང་གི་ནོར་འཁྲུལ་ཡོ་བསྲང་བྱེད་རྒྱུའི་ཚབ་ཏུ་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གི་ཤུགས་རྐྱེན་ཨ་རིའི་ཤེས་ཡོན་བསྟི་གནས་ཁང་དང་། ཡུ་རོབ། ཨོ་སི་ཀྲོ་ལི་ཡ་སོགས་ཀྱི་ནང་སླེབས་ཡོད། རྒྱ་ནག་གཞུང་གི་འཛུགས་སྐྲུན་ཡར་རྒྱས་ཀྱི་སྲིད་བྱུས་ཁག་ལག་བསྟར་བྱས་པར་བརྟེན་ནས་རང་བྱུང་ཐོན་ཁུངས་ཀྱིས་ཕྱུག་པའི་བོད་མཐོ་སྒང་གི་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་འབྱུང་གི་ཡོད་པ་མ་ཟད། གཏེར་ཁ་སྔོག་འདོན་དང་ཆུ་མཛོད་བརྒྱབ་པའི་རྐྱེན་གྱིས་ཨེ་ཤི་ཡའི་གནམ་གཤིས་ལ་འགྱུར་ལྡོག་ཕྱིན་པ་དང་ལྷན་གོ་ལའི་ཚ་དྲོད་འཕེལ་བཞིན་ཡོད། རྒྱ་གཞུང་གིས་རྒྱུད་གཅིག་ལམ་གཅིག་(One Belt OneRoad)དང་། ཨེ་ཤི་ཡའི་འཛུགས་སྐྲུན་མ་དངུལ་དངུལ་ཁང་(Asian Infrastructure Investment Bank) སོགས་ཀྱི་ལས་འཆར་ཁག་ལག་བསྟར་གྱིས་མང་གཙོའི་རིན་ཐང་དང་འགྲོ་བ་མིའི་ཐོབ་ཐང་ལ་སྣང་ཆུང་དང་རྩིས་མེད་བཏང་སྟེ་རྒྱ་གཞུང་གི་ཤུགས་རྐྱེན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སྤེལ་ཐབས་བྱེད་བཞིན་ཡོད།

རྒྱ་ནག་གི་འགོ་ཁྲིད་ཚོའི་ཐབས་བྱུས་ནི་མང་གཙོ་མེད་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཟེར་བ་དེ་ཡིན་ཞིང་། རྒྱ་ནག་མི་མང་གིས་མང་གཙོ་མཐོང་འདོད་ཡོད་ལ་རྒྱ་ནག་དེ་བཞིན་མང་གཙོའི་ལུང་པ་ཞིག་ལ་ངེས་པར་དུ་འགྱུར་དགོས། རྒྱ་ནག་གི་ཤེས་ཡོན་པ་དང་། གསར་འགོད་པ་སོགས་ཡུ་རོབ་ནང་རྒྱུན་དུ་ཡོང་གི་ཡོད་པ་ལྟར། རྒྱུ་མཚན་ཅིའི་ཕྱིར་ཡུ་རོབ་ཀྱི་གསར་འགོད་པ་དང་ཤེས་ཡོན་པ་སོགས་བོད་ནང་ཡོང་འཇུག་གི་མེད། ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཨ་རིའི་གཞུང་གི་ལས་བྱེད་མི་སྣ་དང་། བོད་པ་ཨ་རིའི་མི་སེར། གསར་འགོད་པ་སོགས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་བཞིན། ཡུ་རོབ་ནས་ཀྱང་དེ་ལྟ་བུའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་དགོས་སྐོར་གསུངས་རྗེས།

བོད་ནང་གི་གནས་སྟངས་ནི་ད་ལྟའི་ཆར་རིག་གནས་གསར་བརྗེ་བསྐྱར་གསོ་བྱུང་བ་ལྟ་བུ་ཡིན་པ་མ་ཟད། འདས་པའི་ལོ་ངོ་ ༡༠ ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་གྱུར་ཡོད། བོད་ནང་ད་བར་བོད་མི་ ༡༥༢ ཀྱིས་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་ཡོད། འདས་པའི་ལོ་ངོ་ ༦༠ ནང་བོད་ལ་གནས་ཚུལ་ཐབས་སྡུག་པོ་བྱུང་བ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཡུ་རོབ་མི་མང་ལ་དེ་ལྟར་འབྱུང་མ་འཇུག་རོགས། བོད་མི་ཚོར་གནས་ཚུལ་ཐབས་སྡུག་པོ་བྱུང་བ་བཞིན་ཁྱེད་ཚོ་ལའང་དེ་ལྟར་འབྱུང་སྲིད་པ་ཞིག་རེད། བོད་ནང་གནས་ཚུལ་ཐབས་སྡུག་པོ་བྱུང་བ་བཞིན་ཡུ་རོབ་ནང་དེ་ལྟར་མི་འབྱུང་བའི་རེ་བ་དང་། ཁོང་གནད་དོན་དེ་དྲན་སྐུལ་གཏོང་སླད་སླེབས་པ་ཡིན་སྐོར་གསུངས་འདུག

ཚོགས་འདུ་གྲོལ་རྗེས་ཁོང་གིས་གསར་ཁང་ཁག་ཅིག་གི་བཅར་འདྲིར་དང་ལེན་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༨༡༨ ཀློག་གྲངས།