ཐའེ་ཝན་གྱི་བདག་དབང་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝེན་གྱིས་རྒྱ་ནག་གིས་ཕྱོགས་གཉིས་བར་དང་དེ་བཞིན་རྒྱལ་སྤྱིའི་ནང་འཁྲུག་རྩོད་ཀྱི་གཞི་རྩ་བྱེད་མི་རུང་བ་དང་། ཁོང་གི་ངོས་ནས་ཐའེ་ཝན་གྱི་བདག་དབང་བློས་གཏོང་མི་བྱེད་པར་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་གྱི་གཏམ་བཤད་སྤེལ་འདུག

ཟླ་༡༠ པའི་ཚེས་༡༠ ནི་ཐའེ་ཝན་རྒྱལ་ཁབ་དབུ་བརྙེས་བའི་ཉིན་མོ་ཡིན་པ་དང་། ཉིན་དེར་ཐའེ་ཝན་སྲིད་འཛིན་ལྕམ་ཚེ་དབྱིང་ཝེན་གྱིས་སྤེལ་བའི་གཏམ་བཤད་ནང་། རྒྱ་ནག་ལ་རྒྱལ་སྤྱིའི་ནང་འགན་ཁུར་ཡོད་པའི་རྒྱལ་ཁབ་གཅིག་བྱེད་དགོས་པ་ལས། དགོས་མཁོ་མེད་པའི་འཁྲུག་རྩོད་སློང་མཁན་བྱེད་མི་རུང་བ་དང་། ཐའེ་ཝན་གྱིས་རྒྱ་ནག་དང་འཁྲུག་རྩོད་སློང་བའི་བསམ་པ་མེད་ཀྱང་། རྒྱ་ནག་གིས་ཀྱང་འཁྲུག་རྩོད་སློང་མཁན་གྱི་གཞི་རྩ་བྱེད་མི་རུང་བའི་སྐོར་བརྗོད་འདུག

ཁོང་གིས་ཉེ་བའི་ཆར་རྒྱ་ནག་གི་ཚིག་མཚོན་དང་། དམག་འཁྲུག་གི་སྡིགས་ར། དེ་བཞིན་ཕྱི་འབྲེལ་གྱི་གནོན་ཤུགས་སོགས་ཀྱིས་མཚོ་འགག་གཉིས་བར་གྱི་འབྲེལ་ལམ་ལ་དཀའ་ངལ་སྤྲད་པ་ཙམ་མ་ཡིན་པར། མཚོ་འགག་ལས་བརྒལ་བའི་ས་ཁུལ་ཁག་ཏུ་ཞི་བདེ་དང་བརྟན་ལྷིང་ལ་ཡང་ཉེན་ཁ་བཟོས་ཡོད་པས། ཁོང་གིས་རྒྱ་ནག་གི་ཉེན་ཁ་ལ་འཐབ་རྒོལ་བྱེད་ཆེད། རྒྱལ་ཁབ་ཀྱི་བདེ་སྲུང་ལས་དོན་ཚགས་ཚུད་དུ་གཏོང་རྒྱུ་ཡིན་སྐོར་བརྗོད་པ་དང་། ཟླ་༩ པའི་ནང་ཨ་རིའི་གྲོས་ཚོགས་ཀྱིས་ཐའེ་ཝན་ལ་ཨ་སྒོར་ས་ཡ་༣༣༠ ཡི་མཚོན་ཆ་འཚོང་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་རེད།

ཟླ་༡༡ པའི་ནང་ཐའེ་ཝན་གྱི་ས་གནས་ཁག་ཏུ་འོས་བསྡུའི་ལས་རིམ་འགྲོ་རྒྱུ་ཡིན་པ་དང་བསྟུན། ཁོང་གི་སྲིད་དོན་ཚོགས་པར་གནོན་ཤུགས་ཆེན་པོ་སླེབས་བཞིན་ཡོད་འདུག དེ་ཡང་ཉེ་ལམ་ནས་ཐའེ་ཝན་གྱི་དཔལ་འབྱོར་ཉམས་རྒུད་དང་རྒྱ་ནག་དང་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པས། སྲིད་འཛིན་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་འདུག་པས། ཁོང་གིས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་སྡུག་ཏུ་ཕྱིན་པའི་རྒྱུ་མཚན་ནི་རྒྱ་ནག་གིས་ཐའེ་ཝན་ལ་གནོན་ཤུགས་ཆེ་རུ་བཏང་བའི་རྐྱེན་གྱིས་ཡིན་པ་དང་། ཁོང་གིས་ཐའེ་ཝན་མི་སེར་ཡོངས་ལ་རྒྱ་ནག་དང་བསམ་མེད་ཐོག་ནས་འཁྲུག་རྩོད་སློང་ནས་འབྲེལ་ལམ་སྡུག་ཏུ་མི་གཏོང་བའི་ཁས་ལེན་བྱེད་ཀྱི་ཡོད་ཀྱང་། ཐའེ་ཝན་གྱི་བདག་དབང་བློས་གཏོང་བྱེད་རྒྱུ་མིན་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༦ ལོར་ལྕམ་ཚེ་དབྱིང་ཝེན་གྱི་སྲིད་དོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་ནས་ཁོང་སྲིད་འཛིན་ཆགས་པ་ནས་བཟུང་། རྒྱ་ནག་གིས་ཁོང་གི་སྲིད་དོན་ཚོགས་པའི་ཐའེ་ཝན་གྱི་རང་བཙན་ལངས་ཕྱོགས་ལ་སེམས་ཁྲལ་ཆེན་པོ་ཡོད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་ཡར་རྒྱས་རྣམ་པ་ཐོན་མེད་ཁར། རྒྱ་ནག་གི་ཐའེ་ཝན་དང་ཕྱི་འབྲེལ་ཡོད་པའི་འཛམ་གླིང་ནང་གི་སྟོབས་ཆུང་རྒྱལ་ཁབ་ཁག་ལ། དཔལ་འབྱོར་སོགས་ཀྱི་མཐུན་རྐྱེན་དང་གནོན་ཤུགས་སྤྲད་ནས། ཐའེ་ཝན་དང་འབྲེལ་ལམ་གཅོད་དུ་འཇུག་བཞིན་ཡོད་པ་རེད། རྒྱ་ནག་གིས་ཐའེ་ཝན་རྒྱལ་ཁབ་དེ་རྒྱལ་སྤྱིའི་ནང་ཟུར་ཕུད་བྱེད་ཐབས་ཀྱི་སྲིད་ཇུས་དེར་ཐའེ་ཝན་དང་ཨ་རི་གཉིས་ཀྱིས་སྐྱོན་བརྗོད་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༡༩ ཀློག་གྲངས།