ཆབ་སྲིད་ཚོགས་པ་གཅིག་གི་ལམ་ལུགས་ཁོ་ན་གལ་ཆེན་པོ་ཡིན་པ་མཚོན་གྱི་འདུག

རྒྱ་ནག་གིས་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ཀྱི་ཚོགས་གཙོ་བཀག་ཉར་བྱས་པ་འདིས་རྒྱ་ནག་ལ་ཆེས་གལ་ཆེ་བ་ནི་ཆབ་སྲིད་ཚོགས་པ་གཅིག་གི་དབང་སྒྱུར་ལམ་ལུགས་ཁོ་ན་ཡིན་པ་མཚོན་གྱི་ཡོད་རེད།

ཟླ་འདིའི་ཕྱི་ཚེས་༡༠ ཉིན་ཨ་རིའི་གསར་ཁང་སི་ཨན་ཨན་གྱི་གསར་འགོད་པ་བྷེན་ཝེ་སི་ཀོ་ཊིས་གནས་ཚུལ་སྤེལ་བའི་ནང་། པེ་ཅིང་གིས་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གི་མི་སྣ་གལ་ཆེ་ཤོས་སུ་གྱུར་པ་ཞིག་བཙན་ཁྲིད་བྱས་པ་འདིས། རྒྱ་ནག་གཞུང་གིས་གུང་ཁྲན་ཏཱང་སྲུང་སྐྱོབ་བྱ་ཕྱིར་རྒྱལ་སྤྱིའི་ཐོག་གི་མཚན་སྙན་ཚུད་པའི་གནད་དོན་ག་འདྲ་ཡིན་ན་ཡང་བློས་གཏོང་བྱ་རྒྱུའི་གྲ་སྒྲིག་ཨང་གསར་ཡིན་པ་སྟོན་གྱི་ཡོད་རེད།

ཕྱི་ཟླ་དགུ་པའི་ཟླ་མཇུག་ཏུ་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ཀྱི་ཚོགས་གཙོ་མཱེན་ཧོ་ཝེ་མཁའ་ལམ་བརྒྱུད་རྒྱ་ནག་ལ་བསྐྱོད་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་ཀྱང་། ཉིན་ཤས་གོང་མ་གཏོགས་པེ་ཅིང་གིས་ཁོང་རུལ་སུངས་དོན་རྐྱེན་གྱི་གནད་དོན་འོག་བཀག་ཉར་བྱས་ཡོད་པ་ཕྱིར་བསྒྲགས་བྱས་མེད་འདུག ལོ་གཉིས་ཀྱི་གོང་དུ་མཱེན་ཧོ་ཝེ་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་བྱེད་སྐབས། དེ་ནི་རྒྱ་ནག་གི་ལས་བྱེད་ཅིག་ཆེས་ཐོག་མར་ལས་གནས་དེེར་འཁོད་པ་ཡིན་སྟབས་རྒྱལ་ཁ་ཞིག་ཏུ་ངོས་འཛིན་གྱིས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནས་དགའ་བསུའི་རྣམ་པ་ཤུགས་ཆེན་པོ་བསྟན་ཡོད་པ་རེད།

ཨོ་སོ་ཀྲོ་ལི་ཡའི་གྲོང་ཁྱེར་སིད་ཌིི་ནི་རུ་ཡོད་པའི་ལཱོ་ཝི་རྒྱལ་སྤྱིའི་ཆབ་སྲིད་ཉམས་ཞིབ་ཚོགས་པའི་ཞིབ་འཇུག་པ་རྒན་པ་དང་གསར་འགོད་པ་རཱི་ཅར་ཌི་མེཀ་གྷི་རི་གྷོར་(Richard McGregor) གྱིས་མཱེན་ཧོ་ཝེ་རྒྱ་ནག་གིས་བཀག་ཉར་བྱས་པའི་སྐོར་ལ་བརྗོད་དོན་དུ་“ཁྱོད་རང་ཚོས་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ཀྱི་ཚོགས་གཙོ་རུལ་སུངས་ཀྱི་གནད་དོན་ཐོག་ནས་ཁྱིམ་ནང་བཀག་ཉར་བྱས་ཡོད་རེད། དེ་ནི་ངོ་གནོངས་དགོས་པ་ཞིག་རེད་”ཅེས་དང་། “འདིས་རྒྱ་ནག་ནང་ཁུལ་གྱི་ཆབ་སྲིད་ལམ་ལུགས་དང་། འཛམ་གླིང་གི་གནད་དོན་གཉིས་གདོང་ཐུག་བྱུང་སྐབས་སུ་འཕྲད་པའི་དཀའ་ངལ་དང་། རྒྱ་ནག་གིས་དེར་གདོང་ལེན་ཇི་ལྟར་བྱེད་ཀྱི་ཡོད་མེད་རས་ཡོལ་ཆེན་པོ་ཞིག་གི་སྒང་ལ་བསྟན་པ་རེད་”ཅེས་སི་ཨན་ཨན་གསར་ཁང་ལ་བརྗོད་འདུག

ནམ་རྒྱུན་དང་མི་འདྲ་བ་ཞིག་ལ་མཱེན་ཧོ་ཝེ་བཀག་ཉར་དང་འབྲེལ་བའི་ཐོག་རྒྱ་ནག་གཞུང་གིས་སྤེལ་བའི་བསྒྲགས་གཏམ་ནང་། ཁོང་རུལ་སུངས་ཀྱི་དོགས་གཞིའི་འོག་བཀག་ཉར་བྱས་ཡོད་པ་བརྗོད་པ་གཅིག་པུ་མིན་པར། རྒྱ་ནག་དམར་ཤོག་གཞུང་གི་འགོ་ཁྲིད་ལམ་ལུགས་དང་སྲིད་འཛིན་ཞི་ཅིན་ཕིང་གཉིས་ལ་གུས་ཞེན་བྱེད་རྒྱུ་གལ་ཆེ་སྐོར་ནན་བཤད་བྱས་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་དང་། ཐོབ་ཐང་རྩོད་མཁན་རྣམས་སྲུང་སྐྱོབ་བྱེད་མཁན་མཱི་ཤལ་ཁཱ་སི་ཊེར་(Michael Caster) གྱིས། རྒྱ་ནག་གཞུང་གིས་སྤེལ་བའི་བསྒྲགས་གཏམ་ནང་གི་ཐ་སྙད་རྣམས་ནི་‘ངོ་མ་སྐྱི་གཡའ་བ་’ཞིག་རེད་ཅེས་དང་“ངའི་བསམ་པར་རྒྱལ་སྤྱིའི་ཚོགས་པ་ཞིག་གི་ཚོགས་གཙོ་ལས་ཐོག་པ་ཞིག་ལ་ཚབས་ཆེའི་ནོར་འཛོལ་མེད་པར། རྒྱ་ནག་གིས་བཙན་ཁྲིད་བྱས་ཏེ་རང་སྣང་གང་ཤར་ངང་བཀག་ཉར་བྱེད་ཆོག་པར་བསམ་བཞིན་པ་འདི་ནི་ཧ་ཅང་སེམས་འཚབ་སྐྱེ་དགོས་པ་ཞིག་རེད་དྲན་གྱི་འདུག་”ཅེས་གསུངས་འདུག དེ་བཞིན་ཁོང་གིས་“འདིས་མཱེན་ཧོ་ཝེ་ཉེས་ཅན་པ་ཡིན་པར་ཆ་འཇོག་བྱས་ནས་ཁྲིམས་འགལ་ཐོག་འཛིན་བཟུང་བྱས་ཡོད་པ་བསྟན་པ་གཅིག་པུ་མིན་པར། མཱེན་ཧོ་ཝེ་ཡིས་དོན་དམ་པར་དེ་སྔོན་ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་གཞུང་གི་འདོད་དབང་ཐོག་ལས་ཀ་བྱས་ཡོད་པ་ཡང་ནན་བཤད་བྱེད་ཀྱི་ཡོད་པ་རེད་”ཅེས་བརྗོད་འདུག

ཉེ་ཆར་མཱེན་ཧོ་ཝེ་གར་སོང་ཆ་མེད་དུ་གྱུར་པ་འདི་ནི་དུས་ཡུན་རིང་པོའི་ཞི་ཅིན་ཕིང་གི་རུལ་སུངས་རྒོལ་རྡུང་གི་བྱ་སྤྱོད་འོག་རྒྱ་ནག་ནས་གྲགས་ཅན་མི་སྣ་ཞིག་འཛིན་བཟུང་བྱས་པ་ཆེས་འཕྱི་ཤོས་དེ་ཆགས་ཀྱི་ཡོད་པ་དང་། ད་ལྟའི་ཆར་རྒྱལ་ཡོངས་ཞིབ་བཤེར་ལྷན་ཚོགས་(National Supervision Commission) ཀྱིས་མཉམ་རུབ་ངང་རུལ་སུངས་རྒོལ་རྡུང་གི་བྱ་སྤྱོད་སྤེལ་བཞིན་ཡོད་པ་རེད།

ཐོག་མ་ནས་སྟག་དང་སྦྲང་མ་མཉམ་གསོད་ལས་འགུལ་གྱི་དམིགས་འབེན་དུ་བཟུང་པ་ལྟར། རྒྱ་ནག་གི་ཆེས་མཐོའི་བདེ་འཇགས་ལས་བྱེད་དང་། ཆབ་སྲིད་པ་རྒན་པ། དམག་དཔོན་བཅས་རུལ་སུངས་རྟོག་ཞིབ་ཀྱི་ནང་ལྷུང་སྟེ་རྒྱུན་དུ་དམར་ཤོག་གཞུང་གི་མཐོ་རིམ་མི་སྣ་ནམ་རྒྱུན་ལག་པ་འཆང་མི་ཐུབ་ས་དང་། རྒྱ་ནག་གི་མི་སེར་བཅས་གཉིས་ཀ་ལས་འགུལ་དེའི་ནང་རྒོལ་རྡུང་བཏང་ཡོད་པ་རེད།

ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་བྱས་ནས་ལོ་དྲུག་འཁོར་བའི་ནང་། གཞུང་འབྲེལ་ལས་བྱེད་ས་ཡ་གཅིག་ལྷག་ལ་ཉེས་ཆད་བཅད་ཡོད་པ་རོབ་རྩིས་བྱེད་ཀྱི་ཡོད་ཅིང་། སྐྱོན་བརྗོད་བྱེད་མཁན་ཚོས་ལས་འགུལ་དེ་ནི་ཞི་ཅིན་ཕིང་ཁོ་རང་གི་ཁ་གཏད་དུ་གྱུར་པའི་ཆབ་སྲིད་པ་རྣམས་ཕྱིར་འབུད་གཏོང་རྒྱུའི་ལག་ཆ་ཞིག་ཡིན་པར་བཤད་ཀྱི་ཡོད་པ་རེད།

རྒྱལ་ཡོངས་ཞིབ་བཤེར་ལྷན་ཚོགས་ནི་འདི་ལོའི་ཕྱི་ཟླ་༣ པའི་ནང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱིས་བཟོས་པའི་ཐོག་མའི་ཀྲུང་དབྱང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་(Central Commission for Discipline Inspection) ཤུགས་ཆེ་རུ་གཏོང་བའི་རྣམ་པ་གསར་པ་ཞིག་ཡིན་པ་དང་། དེས་རྒྱ་ནག་དམར་ཤོག་གཞུང་གི་ཕྱི་རོལ་དུ་ཡང་ཁོ་རང་ཚོའི་ཁྲིམས་སྒྲིག་གིས་སྙོབ་ཐུབ་ཐབས་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་གོ་ལའི་དུས་བབ་ཀྱི་རྩོམ་སྒྲིག་པས། ནུབ་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་མཱེན་ཧོ་ཝེ་བཀག་ཉར་ཐོག་འུད་སྒྲོག་བྱེད་བཞིན་པ་དེ་ནི། རུལ་སུངས་རྒོལ་རྡུང་གི་ལས་འགུལ་ལ་གོ་ནོར་ཐེབས་པ་དང་། རྒྱ་ནག་གི་ཁྲིམས་ལུགས་ལ་གུས་ཞབས་མི་བྱེད་པ། དེ་བཞིན་རྒྱ་ནག་གི་ཁྲིམས་ལུགས་དང་ནུབ་ཕྱོགས་ཀྱི་ཁྲིམས་ལུགས་གཉིས་མི་འདྲ་ཡིན་པ་བཅས་ཀྱིས་རེད་ཅེས་སོགས་བརྗོད་ནས་ནུབ་ཕྱོགས་རྒྱལ་ཁབ་རྣམས་ལ་ཁ་རྡུང་བཏང་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༥༡༤ ཀློག་གྲངས།