ཡུ་གུར་ས་གནས་སུ་ཆབ་སྲིད་སློབ་གསོ་བཅོས་བསྒྱུར་ཁང་ཁྲིམས་མཐུན་བཟོས་ཡོད་འདུག

རྒྱལ་སྤྱིའི་ནང་རྒྱ་ནག་གིས་ཡུ་གུར་བ་སྟོང་ཕྲག་མང་པོ་དུས་ཡུན་རིང་པོར་སློབ་གསོ་བཅོས་བསྒྱུར་ཁང་དུ་བཀག་ཉར་བྱས་ཏེ།  ཆོས་དད་རང་དབང་ལ་རྡོག་རོལ་བཏང་ཏེ་རྒྱལ་ཞེན་སློབ་གསོ་བཙན་དབང་ཐོག་སྤྲོད་བཞིན་པའི་སྐྱོན་བརྗོད་བྱས་ཡོད་ཀྱང་། རྒྱ་ནག་གིས་གནད་དོན་དེ་རིགས་འབྱུང་གི་ཡོད་པའི་ཁས་ལེན་བྱས་མེད་ཀྱང་། ཉེ་བའི་ཆར་ལྟེ་གནས་ཁང་དེ་རིགས་ཁྲིམས་མཐུན་བཟོས་པའི་གནས་ཚུལ་ཐོན་འདུག

ཟླ་༡༠ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཡུ་གུར་ས་གནས་སྲིད་གཞུང་གིས་ཁུལ་དེའི་ཁྲིམས་ཀྱི་དོན་ཚན་༣༣ བསྐྱར་བཅོས་བྱས་ཏེ། ལག་ཤེས་སྦྱོང་བརྡར་ལྟེ་གནས་ཁང་ལྟ་བུའི་ལྟེ་གནས་ཁང་སོགས་ཀྱིས། སྦྱོང་བརྡར་བྱེད་མཁན་རྣམས་ལ་རྒྱ་ཡིག་དང་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག དེ་བཞིན་ལག་ཤེས་བཅས་ལ་སྦྱོང་བརྡར་སྤྲོད་དགོས་པ་དང་། ཆོས་ལུགས་ཀྱི་ཐལ་ཆེའི་ལྟ་བ་ལ་འཐབ་རྒོལ་གྱི་སློབ་གསོ་སྤྲད་དགོས་པ། དེ་བཞིན་སྤྱོད་པ་དང་སེམས་ཁམས་ལ་བཅོས་བསྒྱུར་བཏང་ཏེ། སྦྱོང་བརྡར་པ་རྣམས་སྤྱི་ཚོགས་དང་ནང་མིར་ཕྱིར་ལོག་ཐུབ་པའི་རམ་འདེགས་བྱེད་དགོས་སྐོར་བཀོད་ཡོད་འདུག རྒྱ་ནག་གིས་བརྗོད་བཞིན་པའི་ལག་ཤེས་སྦྱོང་བརྡར་ཁང་དེ་རིགས་ནི་ཡུ་གུར་མི་རིགས་སྟོང་ཕྲག་མང་པོ་བཀག་ཉར་བྱས་ཏེ། ཆབ་སྲིད་སློབ་གསོ་བཅོས་བསྒྱུར་སྤྲོད་ཡུལ་ཡིན་པ་རེད།

འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ཅིག་གིས་རྒྱ་ནག་གིས་ཁ་ཆེ་ཆོས་ལུགས་པ་ཡུ་གུར་གྲངས་ཉུང་མི་རིགས་སྟོང་ཕྲག་མང་པོ་བཀག་ཉར་བྱས་ཏེ། རྒྱ་ནག་ལ་རྒྱལ་ཞེན་དང་ལར་ཞན་བསྐྲུན་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། ཟླ་༨ པའི་ཚེས་༢༩ ཉིན་མཉམ་འབྲེལ་རྒྱལ་ཁབ་ཀྱི་མི་རིགས་དབྱེ་འབྱེད་རྩ་མེད་གཏོང་བའི་ལྷན་ཚོགས་ཀྱིས་བཏོན་པའི་སྙན་ཐོའི་ནང་། རྒྱ་ནག་གིས་འཇིགས་སྐུལ་རིང་ལུགས་པ་དང་ཆོས་ལུགས་ཀྱི་ཐལ་ཆེའི་ལྟ་བར་འཐབ་རྒོལ་གྱི་ཁ་འདོགས་བྱས་ཏེ། ཡུ་གུར་མི་རིགས་དང་ཁ་ཆེ་བ་གཞན་རྣམས་ལ་ཁྲིམས་གཏུག་དང་ཉེས་འཛུགས་སོགས་གང་ཡང་མ་བྱས་པར་དུས་ཡུན་རིང་པོའི་རིང་བཀག་ཉར་བྱེད་ཀྱི་ཡོད་པའི་གནད་དོན་ལ་སེམས་འཚབ་ཡོད་སྐོར་བརྗོད་འདུག དེ་བཞིན་འཇར་མན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཁབ་ལ་སྤྲད་པའི་སྙན་ཐོའི་ནང་། ཟླ་བ་༧ པའི་བར་རྒྱ་ནག་གིས་ཉུང་མཐར་ཡུ་གུར་བ་ས་ཡ་༡ ཆབ་སྲིད་སློབ་གསོ་བཅོས་བསྒྱུར་ཁང་དུ་བཀག་ཉར་བྱས་ཡོད་པའི་ཚོད་དཔག་བྱས་ཏེ། བཀག་ཉར་དེ་རིགས་སྐབས་ཁྲིམས་ཀྱི་ལམ་ལུགས་གང་ཡང་བཀོལ་སྤྱོད་བྱེད་ཡུལ་མེད་སྐོར་བརྗོད་ཡོད་འདུག

རྒྱལ་སྤྱིའི་ཁྱོན་ཡོངས་ནས་སྐྱོན་བརྗོད་དང་ཉེས་འཛུགས་བྱས་མིན་ལ་མ་ལྟོས་པར། རྒྱ་ནག་གཞུང་གིས་སྙན་ཐོ་དེ་ཚོ་བདེན་པ་མིན་པ་དང་། རང་སྣང་གང་དྲན་གྱིས་བཀག་ཉར་དང་ཆོས་དད་རང་དབང་རྡོག་རོལ་བཏང་བའི་གནས་ཚུལ་གང་ཡང་མེད་སྐོར་བརྗོད་ཡོད་ཁར། འཐབ་ཕྱོགས་གཅིག་གྱུར་ཁང་གི་མགྲིན་ཚབ་པས། ཡུ་གུར་ས་གནས་ཀྱི་མི་སེར་རྣམས་རང་དབང་དང་ཐོབ་ཐང་གཅིག་མཚུངས་ལོངས་སུ་སྤྱོད་བཞིན་ཡོད་སྐོར་བརྗོད་འདུག དེ་སྔོན་གནད་དོན་དེར་ཁས་ལེན་མ་བྱས་ཀྱང་། ཐེངས་འདིར་ཡུ་གུར་ས་གནས་ཀྱི་ཁྲིམས་བསྐྱར་བཅོས་ལས། ཆབ་སྲིད་སློབ་གསོ་བཅོས་བསྒྱུར་ཁང་དེ་རིགས་ཡོད་པ་མངོན་གསལ་དོད་པོ་ཆགས་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་རྒྱ་ནག་ཐོག་གི་ཉམས་ཞིབ་པ་རྒན་པ་མཱ་ཡ་ཝང་གིས། རྒྱ་ནག་གི་རྩ་ཁྲིམས་འོག་ལ་ཡུ་གུར་ས་གནས་སྲིད་གཞུང་ལ་བཀག་ཉར་དེ་རིགས་ཁྲིམས་མཐུན་བཟོ་བའི་དབང་ཚད་མེད་པ་དང་། རྒྱ་ནག་རྒྱལ་ཡོངས་དང་ས་གནས་ཁྲིམས་གང་གིས་གནད་དོན་དེ་འགྱུར་བ་གཏོང་ཐབས་མེད་པས། ཡུ་གུར་ས་གནས་སུ་ལག་བསྟར་བྱེད་བཞིན་པའི་ཆབ་སྲིད་སློབ་གསོ་བཅོས་བསྒྱུར་ཁང་དེ་དག་ནི་ཁྲིམས་མེད་ལུགས་མེད་དང་གདུག་རྩུབ་ཅན་གྱི་བྱེད་ལས་ཞིག་ཡིན་སྐོར་བརྗོད་འདུག

དེ་བཞིན་བསྐྱར་བཅོས་བྱས་པའི་ཁྲིམས་དེའི་ནང་། ས་གནས་ཀྱི་ལས་བྱེད་དང་ཉེན་རྟོག་པས་ཚོས་རང་ཉིད་དམར་ཤོག་ཚོགས་པར་ཞེན་ཁོག་ཡོད་མཁན་གྱི་ཚོགས་མི་ཡིན་པ་དང་། ཆོས་དད་མེད་པ། དད་པ་བྱེད་ཆོག་ཡུལ་ནི་མར་ཁེ་སི་རིང་ལུགས་དང་ལཱི་ནན་རིང་ལུགས་གཉིས་ཡིན་པ། དེ་བཞིན་ཁ་ཆེ་ཆོས་ལུགས་བཟའ་བཏུང་གི་ཁྲིམས་ཀྱི་དབང་བསྒྱུར་ལ་འཐབ་རྒོལ་བྱེད་རྒྱུ་ཡིན་པའི་ཁས་ལེན་གསལ་བསྒྲགས་བྱེད་དགོས་ཀྱི་ཡོད་འདུག

དེ་སྔོན་ཕྱི་ལོ་༢༠༡༧ ལོར་རྒྱ་ནག་གིས་ཡུ་གུར་ས་གནས་སུ་ཁ་ཆེའི་བུད་མེད་རྣམས་ཀྱི་གདོང་ཁེབ་དང་། སྐྱེས་པ་རྣམས་ཀྱི་རྒྱ་རིང་པོ་འཇོག་པ་བཅས་ལ་བཀག་སྡོམ་དང་ཁྲིམས་འགལ་བཟོས་ཡོད་པ་རེད།

རྒྱ་ནག་གིས་ཆབ་སྲིད་སློབ་གསོ་བཅོས་བསྒྱུར་ཁང་དེ་རིགས་བོད་ནང་དུ་ཡང་མང་པོ་བཙུགས་ཡོད་པ་དང་། དེ་སྔོན་ནག་ཆུ་ས་ཁུལ་སོག་རྫོང་ནང་ཡོད་པའི་ལྟེ་གནས་ཁང་ཞིག་ནང་ཟླ་བ་༤ ཡི་རིང་བཀག་ཉར་བྱས་པའི་དགེ་འདུན་པ་ཞིག་གིས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་ལ་རང་གི་ཉིན་ཐོ་མཁོ་སྤྲོད་བྱས་ཡོད་པ་དང་། དེའི་ནང་ཁོང་དང་འདྲ་བའི་གྲྭ་བཙུན་མང་པོ་ཞིག བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལོགས་སུ་སློབ་གཉེར་དུ་ཕྱིན་པར་བཙན་དབང་དང་སྡིགས་སྐུལ་ཐོག་ནས་ཚུར་སྐད་བཏང་ནས། ཆབ་སྲིད་སློབ་གསོའི་ལྟེ་གནས་ཁང་དུ་བཀག་ཉར་འོག་འཇོག་གི་ཡོད་པ། སློབ་གསོའི་སྐབས་སུ་༧གོང་ས་མཆོག་ལ་ངན་དམོད་བྱེད་དུ་འཇུག་གི་ཡོད་པ་དང་། སྐབས་རེ་སྒོ་ཁར་དམག་སྦྱོང་བྱེད་དུ་འཇུག་གི་ཡོད་ཁར། འཛིན་གྲྭ་ཚང་མ་རྒྱ་སྐད་ཐོག་ཡིན་པ། དེ་བཞིན་ལྟེ་གནས་ཁང་དེའི་ནང་དུ་བཙུན་པ་ཚོར་བཙན་གཡེམ་བྱེད་ཀྱི་ཡོད་པའི་ཐོག་ལ་“བཙུན་མ་མང་པོ་ཞིག་དབང་པོ་ཤོར་ནས་རྒྱལ་འགྲོ་གི་འདུག སྐབས་རེ་བཙུན་མ་ཚོ་རྒྱལ་སོང་དུས། ཁོ་ཚོ་བཙོན་སྲུང་མི་སྣ་ཚོས་ཡར་ཁང་པའི་ནང་དུ་ཁྲིད་ནས་ནུ་མ་དང་གཟུགས་པོ་ཡོངས་ལ་གང་བྱུང་འཕུར་མཉེད་གཏོང་གི་ཡོད་པ་ངས་ཀྱང་མཐོང་བྱུང་། བར་སྐབས་ཤིག་ལ་བཙུན་མ་དག་དབང་པོ་ཤོར་དུས་བཙོན་སྲུང་པ་ཚོས་འཚང་ཁའི་ངང་ཁྲིད་འགྲོ་འདུག ད་དུང་གཞན་ག་རེ་བྱེད་ཀྱིན་ཡོད་མིན་སུས་ཤེས། ལས་བྱེད་པ་བུ་འགའ་རེས་བཙུན་མ་ཚོ་ཉལ་ཁང་ནང་དུ་མནན་བསྡད་པ་ཡང་གོ་ཐོས་བྱུང་།”ཞེས་བྲིས་ཡོད་འདུག

དེ་བཞིན་དེ་གར་ཡོད་པའི་གྲྭ་བཙུན་དང་སྐྱ་བོ་རྣམས་ཀྱིས་དམག་ཆས་རང་ཉིད་ཀྱིས་རྒྱ་སྒོར་༡༥༠ རེ་སྤྲད་ནས་ཉོས་རྗེས་གྱོན་དགོས་པ་དང་། ཚེ་བརྟན་སྒྲོལ་མས་བཏང་བའི་གུང་ཁྲན་བསྟོད་གླུ་ཉི་མ་དང་ཟླ་བ། རྒྱ་ནག་གི་རྒྱལ་གླུ། རྒྱལ་གཞས་གཞན་ཞིག་བཅས་སྦྱངས་ནས་གཏོང་ཐུབ་པ་དགོས་ཀྱི་ཡོད་པ། དེའི་ཐོག་བོད་མི་རྣམས་ལ་གཅར་རྡུང་དང་དུས་ཡུན་རིང་པོར་གྱང་རྩར་ལངས་སུ་འཇུག་པ། གཉིད་གཅོག་པ། ཟ་མ་འཕྲོག་པ། དམའ་འབེབས་བྱེད་པ་སོགས་ཀྱི་མནར་གཅོད་མྱོང་གི་ཡོད་སྐོར་བྲིས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༦ ཀློག་གྲངས།