རྩ་དོན་རྩོད་མཁན་གྱི་མིའི་བསམ་བློའི་རྨང་གཞི་གླེང་བ།

རྩོམ་པ་པོ། རྫ་ཚེ་རིང་བཀྲ་ཤིས།

དེ་ཡང་། སྔར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཡིན་དུས་ས་རཱ་མཐོ་སློབ་ཏུ་བཀའ་སློབ་ཅིག་གི་སྐབས། ཁོང་གི་ད་བར་གྱི་བོད་བསྟན་པ་ཆབ་སྲིད་དང་འབྲེལ་བའི་ཕྱག་ལས་གང་གནང་བ་ཚང་མ་རྩ་བའི་བླ་མའི་དགོངས་པ་སྒྲུབ་ཆེད་ཁོ་ན་ཡིན། ཞེས་པ་ལྟ་བུ་ཞིག་གསུངས་ཡོད། དེ་དུས་འགའ་རེས་ཚིག་ཧ་ཅང་སྡུག་པོ་དེ་འདྲ་བེད་སྤྱོད་བཏང་ནས་དགག་རྩོམ་འབྲི་མཁན་བྱུང་ཡོད། ཡིན་ན་ཡང་། དེ་དུས་ངས་བསམ་པར་། རིན་པོ་ཆེ་ཁོང་གིས་སྐུ་ཚེ་གང་པོར་བོད་ཀྱི་ཆོས་དང་རིག་གཞུང་རྩ་དོན་བཅས་ལ་ཕྱག་ལས་གནང་བ་ནི་དངོས་ཡོད་རེད། ཁོང་མཁས་པ་ཆེན་པོ་རེད། དེ་ཡང་གསུངས་སྟངས་ཤིག་ཡིན་རྒྱུ་རེད་བསམ་པ་ཡིན། ཁྱད་པར་དུ། སྐབས་དེར་ངས་ཁོང་གི་དགོངས་གཞི་དེ་ཁྲི་བྱང་རིན་པོ་ཆེ་སོགས་ཁ་ལ་འཁྱེར་མཁན་གྱི་དོལ་རྒྱལ་ཚོགས་པ་དག་ལ་གོ་རྒྱུ་བཏང་བ་ལྟ་བུ་ཞིག་ཏུ་གོ་བ་བླངས་པ་ཡིན། རིན་པོ་ཆེའི་དགོངས་གཞི་དེ། ངས་༧གོང་ས་མཆོག་གི་བཀའ་བཞིན་བསྒྲུབས་ནས་ལས་ཀ་བྱས་པ་ཚང་མ་རྩ་བའི་བླ་མ་ཁྲི་བྱང་རིན་པོ་ཆེའི་དགོངས་པ་ཡིན། ཞེས་གསུངས་ཀྱི་ཡོད་པ་དང་། དེའི་ཐོག་ནས་ཁྲི་བྱང་རིན་པོ་ཆེ་ལ་དངོས་གནས་དད་པ་ཡོད་མཁན་ཞིག་ཡིན་ན་༧གོང་ས་མཆོག་གི་བཀའ་ལ་རྩི་དགོས་པ་དེ་ཁྲི་བྱང་རིན་པོ་ཆེའི་ཐུགས་རེ་ཡང་ཡིན་པའི་གོ་བརྡ་གཏོང་སྟངས་ཤིག་རེད་སྙམ་པ་བྱུང་། དེ་འདྲ་ཡིན་སྟབས། ཚིག་གི་བརྗོད་སྟངས་ག་རེ་ཡིན་ན་ཡང་། དོན་ལ་ཚབ་ཆེན་ཞིག་མ་རེད་བསམ་པ་ཡིན། འོན་ཀྱང་། ཐེངས་འདིར་སྤྱི་འཐུས་ལྷན་ཚོགས་ཐོག་སླར་ཡང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་དཀྲུགས་ཚེ་བརྟན་ཁོང་གིས་གསུང་སྒྲོས་འདི་ཉིད་ནན་བརྗོད་གནང་འདུག

ཁོང་གིས། ༼ང་རང་ཉིད་ལ་མཚོན་ན། སྐུབས་བཀྱགས་འདིའི་ཐོག་ཏུ་བསྡད་ནས་ལོ་བདུན་དང་ཕྱེད་ཀ་ལྷག་ཅིག་འགྲོ་སོང་། འདིའི་སྒང་ལ་བསྡད་པའི་རིང་ཡིན་ན་འདྲ། མ་བསྡད་པའི་རིང་ཡིན་ནའང་འདྲ། ལྷག་པར་དུ་འདིའི་ཐོག་ཏུ་བསྡད་པའི་ལོ་བདུན་དང་ཕྱེད་ཀར་བསྡད་པ་ཆ་ཚང་༧རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་རྒྱུ་འབའ་ཞིག་གི་ཆེད་ཡིན་མ་གཏོགས། [བོད་མི་རིགས་ལ་ལ་རྒྱ་དང་རྒྱལ་ཁབ་ལ་ཞེན་ཁོག་གི་ཐོག་ནས་ངས་བྱེད་རྩ་བ་ཉིད་ནས་མ་མྱོང་ཞེས་བཤད་ཐུབ་གི་ཡོད།] ༽ཅེས་གསུངས་ཤིང་། འོན་ཀྱང་། མཇུག་ཏུ་ཁོང་གིས་ཟམ་གདོང་རིན་པོ་ཆེའི་བཀའ་མོལ་ལས་འཕྲོས་པའི་རྩོད་གླེང་ལུང་དུ་དྲངས་ནས་༧གོང་ས་མཆོག་གི་དགོངས་པ་སྒྲུབ་པ་ལས་ལྷག་པའི་རྩ་དོན་པ་ཞིག་མེད་པ་དང་། བོད་མི་རིགས་ཀྱི་ངོ་བོ་གནས་མིན་དེ་ཉིད་བོད་ཀྱི་ནང་ཆོས་གནས་མིན་ལ་ཐུག་པ་རྒྱུ་མཚན་དུ་དྲངས་ནས་ཁོང་གིས་ཆབ་སྲིད་ཀྱི་ལས་ཀ་བྱེད་པ་འདི་ཆོས་ཀྱི་ཉམས་ལེན་ཞིག་ཡིན་པའི་ཁུངས་སྐྱེལ་གནང་སོང་།

སྐད་ཆ་འདི་ཅུང་ཟད་མགོ་རྙོག་ཚ་བོ་ཞིག་དང་། ཁ་ཐུག་ཞུས་ན་ནང་འགལ་ཅན་ཞིག་རེད། ཕྱོགས་གཅིག་ནས་བོད་མི་རིགས་ལ་ལ་རྒྱ་དང་རྒྱལ་ཁབ་ལ་ཞེན་ཐོག་གི་ཐོག་ནས་ལས་ཀ་རྩ་བ་ཉིད་ནས་བྱེད་མ་མྱོང་ཞེས་བཤད་ཐུབ་ཅེས་བཤད་དེ། ཕྱོགས་གཅིག་ནས་རང་ཉིད་རབ་བྱུང་བ་ཞིག་ཆབ་སྲིད་ཀྱི་ནང་དུ་ཞུགས་པ་འོས་འཚམས་ཡིན་པའི་སྒྲུབ་བྱེད་ལ། བོད་མི་རིགས་ཀྱི་ངོ་བོ་འདི་གནས་དང་མི་གནས་སངས་རྒྱས་ཀྱི་བསྟན་པ་ལ་ཐུག་ཡོད་པས་ང་ཚོས་ཀྱང་རྩ་དོན་རྩོད་དགོས་ཞེས་སྒྲུབ་བྱེད་བཀོད་སོང་། གལ་ཏེ། མི་ཞིག་གིས་གང་ཟག་གཞན་ཞིག་གི་ཤི་གསོན་ལ་སེམས་ཁུར་རྩ་བ་ནས་མེད་པའི་སྐབས་སུ་དེའི་འཆི་རྐྱེན་དང་གསོན་རྐྱེན་ལ་ག་རེ་བྱས་ནས་བསམ་བློ་གཏོང་གི་ཡོད་པ་རེད། ངའི་གོ་ནོར་མིན་ན། སྐད་ཆ་འདི་ནི་མགོ་རྔ་མི་མཚུངས་པ་ཞིག་རེད།

འོན་ཀྱང་། འདི་གལ་ཆེ་ཤོས་མ་རེད། ཡིན་ན་ཡང་། གྲོས་ཚོགས་ཀྱི་དཀྱིལ་འཁོར་ནང་ནས་གནད་འགག་ཅན་གྱི་མི་སྣ་ཞིག་གིས་ངས་བོད་མི་རིགས་ཀྱི་ལ་རྒྱ་དང་ཤ ཞེན་གྱིས་ལས་ཀ་གཏན་ནས་བྱེད་ཀྱི་མེད་ཅེས་དམིགས་གསལ་ནན་བྱེད་དགོས་པའི་རྒྱུ་མཚན་གཏན་ནས་མེད་པ་ཡིན་པར་མ་ཟད། དེ་ལྟར་བཤད་པ་དེ་ལེན་པོ་ཞིག་མི་འདུག ངས་འདིར་བསམ་ཚུལ་འབྲི་ཤོར་བའི་རྒྱུ་མཚན་ཡང་དེ་ཡིན། ངས་ལྟ་ཚུལ་ལྟར་ན། ང་ཚོའི་སེམས་ཤུགས་ཚང་མ་དང་། ཐ་ན་༧གོང་ས་མཆོག་ལ་དད་པ་དམ་ཚིག་གང་ཡོད་པ་དེ་ཡང་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་རྒྱལ་ཁབ་ལ་ཤ་ཞེན་ཡོད་པའི་རྨང་གཞིའི་ཐོག་ནས་ཡོང་གིན་ཡོད་པ་དང་། དེ་དག་ཡོད་པའི་རྨངས་གཞིའི་ཐོག་ནས་༧གོང་ས་མཆོག་རང་ཉིད་ཀྱི་དབུ་ཁྲིད་དུ་བཀུར་བ་དང་། དེ་ཉིད་ཀྱི་འོག་ཏུ་ཞབས་ཏོག་ཞུ་རྒྱུའི་འདུན་པ་དང་སེམས་ཤུགས་སླེབས་ཀྱི་ཡོད་པ་རེད་སྙམ།

ལར་གང་ཟག་སྒེར་གྱི་ངོས་ནས་དེ་ཉིད་བླ་མའི་དགོངས་པ་དང་དགེ་སྦྱོར་ཞིག་ཏུ་བརྩིས་ན་ཡང་དེ་ལ་དགག་བྱ་བྱེད་དགོས་པ་མི་འདུག་སྟེ། སྤྱི་ཡོངས་ཀྱི་ཆ་ནས་ཁོང་གིས་དངོས་གནས་དེ་འདྲ་བསམ་གྱི་ཡོད་པ་ཡིན་ན། ཐུགས་བསམ་བཞེས་སྟངས་འདི་ལ་ནོར་འཁྲུལ་གཉིས་ཡོད་པ་རེད་སྙམ།

གཅིག་ནི། རིགས་པའི་གཞུང་ལུགས་ཀྱི་དབང་དུ་བྱས་ན། ང་ཚོས་དཔལ་ཆོས་ཀྱི་གྲགས་པའི་གཞུང་ལུགས་ཀྱི་རྗེས་སུ་འབྲངས་ནས་བསྟན་པ་ཚད་མར་ཁས་བླངས་ནས་དེ་ནས་སྟོན་པ་ཚད་མར་ངེས་ཤེས་རྙེད་པར་བྱས་ཐོག དེ་ནས་སངས་རྒྱས་ལ་དད་པ་བྱེད་པ་རེད། དེ་བཞིན་དུ་༧གོང་ས་མཆོག་ལ་དད་པ་དང་དགའ་བ་ཡོད་པ་དེ་ཡང་། རང་གི་ཆོས་དང་རིག་གཞུང་གི་རིན་ཐང་། རྩ་དོན་དང་རང་དབང་གི་གལ་གནད་མཐོང་བ་དང་། དེ་ཉིད་ཀྱི་ནུས་པའི་འབྱུང་གནས་དང་། ལྟེ་བའི་སྲོག་ཤིང་དེ་༧གོང་ས་མཆོག་ཡིན་པར་མཐོང་ནས་དེ་ལ་དད་ཞེན་དགའ་གསུམ་སྐྱེས་པ་ཞིག་ཡིན་མི་དགོས་སམ། ང་ཚོ་བོད་ནང་ནང་གི་མི་ཚོས་པན་ཆེན་སྐུ་གོང་མར་དམིགས་བསལ་དད་པ་དང་དགའ་ཞེན་ཆེན་པོ་བྱེད་པའང་། གཙོ་བོ་དེ་ཁོང་གི་ཞེ་ཕུགས་ན་བོད་ཀྱི་སྐད་ཡིག་རིག་གཞུང་ཡོད་པའི་རྒྱུ་མཚན་གྱིས་མ་ཡིན་ནམ།

ང་སྒེར་གྱི་ཉམས་མྱོང་གི་དབང་དུ་བཏང་ན་ཡང་། ༧གོང་ས་མཆོག་ལ་གུས་བཀུར་ཞུ་བའི་རྒྱུ་མཚན་གཙོ་བོ་དེ་གོང་ས་མཆོག་གི་སྐུའི་ཕྲེང་བ་ཀུན་ཏུ་ཁ་བ་ཅན་གྱི་ལྗོངས་ལ་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་འབྲེལ་བ་དམིགས་བསལ་བ་ཡོད་པ་དང་། སྐུ་ཚེ་འདིར་ཡང་དགོང་ལོ་བཅུ་དྲུག་ནས་ད་བར་བོད་བསྟན་པ་ཆབ་སྲིད་ཆེད་སྐུ་ལས་བསྐྱོན་ཡོད་པ་དང་། ཆོས་ཕྱོགས་ནས་ཀྱང་ཆོས་བརྒྱུད་རིས་སུ་མ་ཆད་པ་ལ་གསན་གསམ་ཉམས་བཞེས་གནང་བའི་ཐོག་ནས་དོན་དངོས་ཀྱི་རིས་མེད་གནང་སྟེ་ཐུགས་རྗེས་སུ་བསྐྱངས་པ་དང་། འཛམ་བུ་གླིང་གི་ཐོག་ཏུ་ཡང་ཁོང་གི་མཚན་གནས་རྗེས་འབྲེལ་གྱི་ང་ཚོ་བོད་པ་དང་བོད་ཀྱི་རིག་གཞུང་འདི་ལ་རིན་ཐང་ཆེན་པོ་ཐོབ་པ་ཞིག་གནང་ཡོད་པ་འདི་དག་ཁོང་ལ་དགའ་དད་ཡོད་པའི་རྒྱུ་མཚན་ལྟེ་བ་ཆགས་ཀྱི་འདུག་ལ། དེའི་རྒྱབ་ལྗོངས་ཕར་དེད་ན། རང་ཉིད་བོད་པ་ཞིག་ཡིན་པ་དང་བོད་ཀྱི་ཆོས་དང་རིག་གཞུང་ལ་བཅངས་པའི་བརྩེ་ཞེན་འདིའི་རྨང་གཞི་བྱས་པ་ཞིག་རེད།

མདོར་ན། ༧གོང་ས་མཆོག་ང་ཚོའི་ལོ་རྒྱུས་ཀྱི་དཔང་རྟགས་དང་། བསམ་བློའི་ཚབ་མཚོན། ཆོས་དང་རིག་གཞུང་གི་བསྡུས་གཟུགས། མི་རིགས་ཀྱི་ཁྱད་རྟགས་ཡིན་པའི་ངོས་ནས་ཚང་མས་གུས་བཀུར་དགོས་པ་ཞིག་ཏུ་བརྩི་ཡི་ཡོད་པ་དང་། དེའི་རིན་ཐང་གི་རྩ་བ་ཡང་བོད་ཀྱི་ཆོས་དང་རིག་གཞུང་འདིའི་རིན་ཐང་དང་ཁ་འབྲལ་ཐབས་མེད་ལ། ཐ་ན་རང་ཉིད་བོད་པ་ཞིག་ཡིན་པའི་བསམ་བློའི་འདུ་ཤེས་དང་ཁྲག་རྒྱུན་དང་ཡང་འབྲེལ་བ་ཡོད། དེ་ལྟར་དེ་གཉིས་ཀྱི་བར་ལ་ཁ་འབྲལ་ཐབས་མེད་པའི་རྟེན་འབྱུང་གི་འབྲེལ་བ་ཞིག་ཡོད་པ་ཡིན།

ངས་ཉིས་སྟོང་གསུམ་ལོར་བོད་ནང་དུ་བྲིས་པའི་མ་འོངས་པའི་བོད་ཅེས་པའི་དེབ་ཀྱི་ནང་དུ་ཡང་། ངས་༧རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་གཉིས་ལ་དད་གུས་བྱེད་པའི་རྒྱུ་མཚན་དེ་ཁོང་གཉིས་ཀྱི་ལོ་རྒྱུས་ཀྱི་མཚན་གནས་མཐོན་པོ་དེ་ལ་དད་པ་ཁོ་ན་ཞིག་མིན། ཁོང་གཉིས་ཀྱི་དངོས་ཡོད་ཀྱི་ཁྱད་དུ་འཕགས་པའི་ཡོན་ཏན་ལ་དད་པ་ཞིག་ཡིན་ཞེས་ཚིག་ཐག་ཆོད་པོས་བྲིས་མྱོང་ཡོད། སྐབས་དེའི་ཕྱི་ལོགས་ཀྱི་གནས་སྟངས་ཤེས་རྟོགས་ནི་ཧ་ཅང་ཚད་བཀག་ཡོད་པ་ཞིག་ཡིན་ན་ཡང་། དེ་དུས་ནས་དེ་འདྲ་བསམ་གྱི་ཡོད།

རྒྱུ་མཚན་གཞན་ཞིག་ནི། བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ལྟར་ན། གལ་ཏེ་དངོས་གནས་ཁྱོད་ཀྱིས་ལས་ཀ་གང་བྱེད་པ་འདི་ཚང་མ་༧གོང་ས་མཆོག་ཅེས་པའི་གང་ཟག་བྱེ་བྲག་པ་ཉིད་ལ་འབྲེལ་བ་ཙམ་ཞིག་ཡིན་པ་ནན་བརྗོད་བྱས་ན་དེ་ནི་ཉེན་ཁ་ཅན་ཞིག་ཆགས་ཟིན་པ་རེད། ༧གོང་ས་མཆོག་གིས་ནི་ང་མེད་པ་ནང་བཞིན་བྱས་ནས་མི་གཅིག་ལ་བརྟེན་པའི་བསམ་བློ་དེ་འདོར་དགོས་པ་ཤུགས་ཆེན་པོར་གསུངས་པ་རེད། དེ་ཡང་ཕྱོགས་གཅིག་ནས་ལས་ཀ་བྱེད་སྟངས་དང་འགན་འཁུར་སྟངས་ཀྱི་ཐད་ལ་གསུངས་པ་ཞིག་ཡིན་དུ་ཆུགས་ཀྱང་། ཕྱོགས་གཞན་ཞིག་ནས་བོད་ཀྱི་མ་འོངས་པ་དེ་༧གོང་ས་མཆོག་མི་གཅིག་རང་ལ་ལྟོས་པ་ཞིག་ཡིན་པར་གཏན་ནས་གཟིགས་ཀྱི་མེད་པ་རེད་ལ། གལ་ཏེ་དེ་ལྟར་བསམ་མཁན་ཞིག་ཡོད་སྲིད་ན་དེ་ལ་༧གོང་ས་མཆོག་གིས་དགག་པ་གནང་རྒྱུ་ནི་ཐེ་ཚོམ་མི་དགོས་པ་ཞིག་རེད།

རྒྱལ་ཁབ་དང་མི་རིགས་ཀྱི་ལར་ཞེན་དང་དེ་ལ་ཡང་དག་པའི་ངོས་འཛིན་དགོས་པ་ནི་རྒྱལ་འབངས་ཤིག་དང་། ཁྱད་པར་སྒྲིག་འཛུགས་ཀྱི་དཀྱིལ་འཁོར་དུ་ཡོད་པ་ཞིག་གི་ལྷན་སྐྱེས་ཀྱི་འདུ་ཤེས་ངོས་འཛིན་ཞིག་ཡིན་དགོས་ཤིང་། མ་མཐའི་ལྟ་བ་ལངས་ཕྱོགས་ཀྱི་ཆ་རྐྱེན་ཞིག་ཡིན་མི་དགོས་སམ། འདུ་ཤེས་དེ་ཉིད་རྦད་དེ་གང་ཟག་བྱེ་བྲག་པ་ཞིག་ལ་ལྟོས་དགོས་པའམ། མངོན་སུམ་འཛེམས་མེད་དུ་ངོམ་སོར་འཁྱེར་བའི་སྐབས་སུ། དེ་འདྲ་དེས་རང་གི་རྒྱལ་ཁབ་དང་མི་རིགས། བཅའ་ཁྲིམས་བཅས་ལ་འཛིན་པའི་བསམ་བློའི་ངོས་འཛིན་ལ་དོགས་པ་ཟ་དགོས་པ་ཞིག་ཆགས་པ་རེད་ལ། དེ་ལ་བཅའ་ཁྲིམས་ཀྱིས་སྤྲད་པའི་ཆ་རྐྱེན་ག་འདྲ་ཚང་མིན་ཡང་དོགས་པ་དགོས་པ་ཞིག་ཆགས་པ་རེད།

འདིའི་ཐད་༧གོང་ས་མཆོག་གི་དགོངས་གཞི་ནི་ཧ་ཅང་ཁ་གསལ་ཡིན་ཏེ། ༧གོང་ས་མཆོག་གི་ཡོངས་ཁྱབ་ཀྱི་མཛད་འགན་གསུམ་གྱི་ནང་དུ་ཡང་། ཁོང་རང་ཉིད་བོད་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་མགྲིན་ཚབ་པ་ཞིག་གནང་དགོས་པ་དང་། ནང་པ་ཞིག་ཡིན་པའི་ངོས་ནས་ནང་པའི་ཆོས་དང་རིག་གཞུང་ལ་དོ་ཁུར་གནང་དགོས་པ་འདི་སྐུ་ཉིད་ཀྱི་ལྷན་སྐྱེས་ཀྱི་འགན་འཁྲི་ཡིན་པར་ཞལ་གྱིས་བཞེས་ཡོད་པ་ལས་ཤེས་ཐུབ། གཞན་༧རྒྱལ་དབང་སྐུ་གོང་མ་དག་གི་དགོངས་གཞི་གང་ཞིག་ཡིན་པ་དང་། ཁོང་གི་རྩ་བའི་བླ་མ་རྣམ་པའི་བཞེད་དགོངས་ཡིན་པ་སོགས་ལ་བསམ་བློའི་གཞི་རྟེན་མཛད་མེད། ཡིན་ན་ཡང་། སྤྱི་འཐུས་དེས་རང་འགུལ་གྱིས་ཚིག་ཐག་ཆོད་པོས་༼ངས་ལོ་བདུན་གྱི་རིང་གི་ལས་ཀ་ཚང་མ་བོད་མི་རིགས་དང་རྒྱལ་ཁབ་ལ་ལ་རྒྱ་དང་ཤ་ཞེན་ཡོད་ནས་བྱས་པ་ཞིག་མིན་༽ཞེས་གསུངས་ཟིན་པའི་ད་ལྟའང་ངས་ཁོང་ལ་རང་གི་མི་རིགས་དང་རིག་གཞུང་ལ་ཤ་ཞེན་དང་ལ་རྒྱ་གཏན་ནས་མེད་པར་ཡིད་མི་ཆེས་ན་ཡང་། ཁོང་གིས་རང་ཉིད་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་ཀྱི་ཡོད་པའི་ཁུངས་སྐྱེལ་ལ་༼རང་ཉིད་མི་རིགས་ལ་ལར་ཞེན་དང་ཤ་ཚས་རྩ་དོན་དང་འབྲེལ་བའི་ལས་ཀ་གཏན་ནས་བྱེད་ཀྱི་མེད་༽ཅེས་ནན་བརྗོད་དགོས་པའི་རྒྱུ་མཚན་ཞིག་གཏན་ནས་མཐོང་གིན་མི་འདུག དེ་ནི་ང་རང་ཧད་དེ་ལུས་པའི་རྒྱུ་མཚན་གཙོ་བོ་རེད།

བཀའ་མོལ་དེ་འདྲ་གནང་ཐལ་ན། དེང་སང་གི་བསམ་བློ་ཤུགས་ཆེན་པོ་ཡོད་པའི་གཞོན་སྐྱེས་དག་གིས་ང་ཚོས་དགེ་འདུན་པ་དང་ཆོས་ཕྱོགས་ཀྱི་ལས་སྣེ་དག་གི་བཀའ་མོལ་གནང་སྟངས་ལ་དོགས་འདྲི་བྱེད་ངེས་ཤིང་། རྩ་དོན་འཐབ་རྩོད་ཀྱི་རྟེན་གཞི་ཡང་དད་པ་དག་སྣང་གི་སྐད་ཆ་ཙམ་དུ་གྱུར་ཏེ། མི་སྡེའི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་སྟངས་དང་ཁ་གཏད་ཆགས་རྒྱུའི་ཉེན་ཁ་ཡོད་པ་ཞིག་རེད། ཆབ་སྲིད་དང་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཤེས་བྱ་ལ་གོ་རྟོགས་ཕྲན་བུ་ཡོད་པ་ཞིག་ཡིན་ན་ཕལ་ཆེར་བཀའ་མོལ་དེས་དེང་བ་འདྲེན་ཁག་པོ་ཞིག་རེད་སྙམ།

མ་གཞི་གོང་གི་གནད་དོན་དང་པོ་དང་གཉིས་པ་གཉིས་ལ་ལྟོས་ན་གནད་དོན་འདི་ནི་མ་གླེང་ན་ཆོག་པ་ལྟ་བུ་ཞིག་འདུག་མོད། གང་ལྟར། ༧གོང་ས་མཆོག་དང་འབྲེལ་བའི་གོ་བ་ལེན་སྟངས་ནོར་བ་དེ་འདྲ་ང་ཚོས་ཅིས་ཀྱང་ཉུང་དུ་གཏོང་དགོས་པ་ཡིན་པས་རང་གི་སེམས་ལ་གང་ཤར་བ་དེ་ཚོ་རྦ་གསང་མེད་པར་བཤད་པ་ཙམ་ཡིན།

དེ་མིན་ཁོང་སྒེར་ངོས་ནས་ནི་ང་དང་ཡང་ངོ་ཤེས་དང་དྲ་གྲོགས་ཡིན་པ་ལས། སྒེར་གྱི་ན་ཚ་དེ་འདྲ་ནི་ཆ་ཤས་ཙམ་ཡང་མེད། བསམ་བློ་གཏོང་སྟངས་མ་འདྲ་བ་འདི་བཤད་ཤོར་སོང་བས་ཁོང་ཉིད་ཀྱང་ལུགས་གཉིས་ལ་མཁྱེན་རྒྱ་ཡངས་པའི་སྤྱི་ཚོགས་ཀྱི་མི་སྣ་ཞིག་ཡིན་པའི་ཆ་ནས་དཀྱེལ་ཡངས་ཀྱིས་གསན་པ་ལས་གོ་བ་ལོག་སྒྲུབ་མི་གནང་རྒྱུའི་ཡིད་ཆེས་ཡོད། །

Share this:
༥༡༨ ཀློག་གྲངས།