སྡེ་དགེ་འཇོ་མདའ་ལ་རི་ཉིལ་གྱི་གནོད་སྐྱོན། 

ཟླ་འདིའི་ཕྱི་ཚེས་༡༡ ཉིན་ས་གནས་ཀྱི་མཚན་གྱི་ཆུ་ཚོད་༤ པ་ཡས་མས་སུ། བོད་ཁམས་འཇོ་མདའ་རྫོང་། སྤོ་ལོ་ཡུལ་ཚོའི་ཉེ་ཕྱོགས་ནས་རི་ཉིལ་ཏེ་འབྲི་ཆུའི་བཞུར་རྒྱུན་འགག་ནས། འབྲི་ཆུའི་འགྲམ་དུ་གནས་པའི་གྲོང་སྡེ་མང་པོ་ཞིག་ཉེན་ཁའི་གནས་སུ་ལྷུང་ཡོད་འདུག་ཀྱང་། ད་བར་མིའི་ཚེ་སྲོག་ལ་གནོད་སྐྱོན་ཤོར་མེད་པའི་གནས་ཚུལ་འདུག

དེ་ཡང་། སྤོ་ལོ་ཡུལ་ཚོའི་ཉེ་ཕྱོགས་ནས་རི་ཉིལ་ཤུགས་ཆེན་པོ་བྱུང་བའི་དབང་གིས་གཙང་པོ་འགག་ནས་སྐར་མ་གཉིས་རིང་། ཆུའི་ཟབ་ཚད་སེན་ཊི་མི་ཊེར་(Centimeter)གཉིས་འཕར་ཡོད་འདུག་པ་དང་།  གཙང་པོ་འགག་པ་ལ་བརྟེན་ནས་ཉེ་འཁོར་གྱི་གྲོང་གསེབ་ཁག་ཅིག་གི་ཡུལ་མི་ལ་འཇིག་ཉེན་ཆེན་པོ་ཡོད་སྟབས། ཡུལ་མི་༤༠༠ ཡས་མས་དང་། སྤོ་ལོ་གྲོང་སྡེའི་ས་གནས་ཀྱི་སློབ་གྲྭ་ནས་དགེ་རྒན་དང་སློབ་མ་༢༨༧ བཅས་གནས་སྐབས་རིང་ཉེན་ཡོལ་ཆེད་གནས་སྤོ་བྱེད་མུས་ཡིན་འདུག

ཡུལ་དངོས་ནས་བླངས་པའི་བརྙན་ཐུང་ཁག་ཕྱི་ཕྱོགས་ཀྱི་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་བརྒྱུད་སྤེལ་བྱས་པའི་ནང་། གཙང་པོ་འཁྱིལ་ནས་སྡོད་ཁང་ཁག་ཅིག་གཙང་པོའི་ནང་ནུབ་ཟིན་འདུག་པ་དང་། ཡུལ་མི་ཚོས་རྒྱབ་ཏུ་ཁུར་པོ་ཁུར་ནས་ཉེན་ཡོལ་ཆེད་གནས་སྤོ་བྱེད་བཞིན་པ་རེད་འདུག་པ་མ་ཟད། བརྙན་ལེན་མཁན་གྱི་ཡུལ་མི་ཞིག་གིས་“ད་དཀའ་མོ་རེད་ཚར། ད་ངོ་མ་དཀའ་མོ་རེད་ཚར་”ཞེས་ངག་ནས་བརྗོད་བཞིན་འདུག ཡང་ཡུལ་དངོས་ནས་བརྙན་ལེན་མཁན་ཞིག་གིས་“ད་ས་བརྐོ་རྡོ་སློག་སྐྲག་མོ་བཟོ་འདུག་ན་འདི་འདྲ་འོང་ལེ་རེད། གྲོགས་པོ་ཚོ། སྐྲག་མོ་བཟོ་ན་ཨེ་དགའ་མི་དགའ་ལྟོས་”ཞེས་ཡུལ་སྐད་ཐོག་ནས་བརྗོད་འདུག དེ་བཞིན་གཞན་ཞིག་གིས་རི་ཉིལ་ནས་འབྲི་ཆུ་གཏན་ནས་འགྲོ་རྒྱུ་མེད་པ་འགག་འདུག ད་ལྟ་ཡང་རི་ཉིལ་བཞིན་པ་རེད་འདུག་ཅེས་བརྗོད་བཞིན་པ་སོགས་ཡུལ་དངོས་ནས་བླངས་པའི་བརྙན་ཐུང་ནང་གསལ་གྱི་འདུག

རྒྱ་གཞུང་གི་བརྒྱུད་ལམ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ནང་། སྤོ་ལོའི་ཡུལ་ཚོའི་ཁོངས་སུ་གྲོང་གསེབ་བརྒྱད་ཡོད་འདུག་པ་དང་། གྲོང་གསེབ་དེ་དག་གི་ཁོངས་སུ་ཁྱོན་ཡུལ་མི་༡༥༦༥ ཡོད་འདུག་པ་ལས། ད་ཐེངས་ཀྱི་གནས་ཚུལ་འདི་དང་འབྲེལ་ནས་ཉེན་ཡོལ་ཆེད་གནས་སྤོ་བྱེད་དགོས་མཁན་ནི་གཙང་པོ་འགག་ས་ནས་ཐག་ཉེ་བའི་གྲོང་གསེབ་ཁག་ཅིག་གི་ཡུལ་མི་རྣམས་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༤༧ ཀློག་གྲངས།