༧རྒྱལ་བ་མཐའ་ཡས་རྡོ་རྗེ་དང་༧རྒྱལ་བ་འཕྲིན་ལས་རྡོ་རྗེ་མཇལ་འཕྲད།

ཟླ་འདིའི་ཚེས༡༡ ཉིན་༧རྒྱལ་བ་མཐའ་ཡས་རྡོ་རྗེ་དང་༧རྒྱལ་བ་འཕྲིན་ལས་རྡོ་རྗེ་གཉིས་ཧྥ་རན་སིར་མཇལ་འཕྲད་གནང་རྗེས། མཉམ་འབྲེལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

གསར་འགོད་གསལ་བསྒྲགས་ནང་རྒྱལ་བ་མཐའ་ཡས་རྡོ་རྗེ་དང་རྒྱལ་བ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་གཉིས་ཕ་རན་སིའི་དབེན་པའི་གྲོང་གསེབ་ཅིག་ཏུ་མཇལ་འཕྲད་བྱུང་ཞིང་། མཇལ་འཕྲད་འདི་ནི་གཙོ་བོ་ཕན་ཚུན་སྐུ་སྒེར་གྱི་དབར་རྒྱུས་མངའ་དང་འབྲེལ་འདྲིས་ཡོང་བ་དང་། སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་པ་སྲ་བརྟན་དང་དར་རྒྱས་ཡོང་བའི་ཆེད་མཉམ་དུ་ཕྱག་ལས་གནང་ཕྱོགས་ཇི་དགེའི་སྐོར་དགོངས་ཚུལ་སྤེལ་རེས་དང་བཀའ་སྡུར་གནང་ཡོད།

མཇལ་འཕྲད་གྲུབ་རྗེས། རྒྱལ་བ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་དང་རྒྱལ་བ་མཐའ་ཡས་རྡོ་རྗེ་རྣམ་གཉིས་ལྷན་རྒྱས་པའི་གསལ་བསྒྲགས་གནང་དོན་གཤན་གསལ། ངེད་གཉིས་ད་རེས་དབེན་ཞིང་བག་ཕེབས་པའི་ཁོར་ཡུག་འདིར་འཇལ་འཕྲད་བྱུང་ཏེ་ཕན་ཚུན་རྒྱུས་ལོན་བྱ་རྒྱུའི་གོ་སྐབས་བྱུང་བ་དེ་ཤིན་ཏུ་སྐལ་པ་བཟང་ལ། འདི་ནི་ངེད་གཉིས་ཀྱི་ལོ་དུ་མའི་རིང་གི་རེ་བ་ཞིག་ཡིན་ཏེ། ད་ལྟ་མངོན་དུ་གྱུར་པ་ནི་ཤིན་ཏུ་དགའ་སྤྲོ་སྐྱེ་འོས་པའི་ཡུལ་དུ་གྱུར།

ད་རེས་མཇལ་འཕྲད་འདིའི་དམིགས་ཡུལ་གཙོ་བོ་ནི། ངེད་གཉིས་ཕན་ཚུན་དུས་ཚོད་མང་ཙམ་བཏང་ཏེ་སྐུ་སྒེར་གྱི་འབྲེལ་པ་འཛུགས་རྒྱུ་དང་། བཀའ་མོལ་དང་དགོངས་ཚུལ་ལྷུག་པོ་གནང་ནས་ཐོག་མར་ངོ་ཤེས་བཟང་པོ་ཡོང་བ་དང་། དེ་ལ་བརྟེན་ནས་མ་འོངས་པར་ཡང་ཕན་ཚུན་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་ཡིན།

མཇལ་འཕྲད་བྱ་རིང་། ངེད་གཉིས་ཀཾ་ཚང་ནང་ཁུལ་དུམ་བུ་གཉིས་སུ་གྱེས་པའི་ཡིད་སྐྱོའི་གནས་ཚུལ་རྣམས་ཇི་ལྟར་སེལ་ཐབས་ཀྱི་སྐོར་བཀའ་མོལ་ལྷུག་པོ་བྱུང་ཞིང་། བསྟན་པ་གཅིག་གྱུར་ཡོང་བའི་སླད་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་བྱེད་དགོས་པ་ནི་ངེད་གཉིས་ཀྱི་འོས་འགན་དང་ལས་འཁུར་ཞིག་ཏུ་ངོས་འཛིན་གྱི་ཡོད།

འདི་ནི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་མ་འོངས་པའི་གནད་དོན་གལ་ཆེན་ཞིག་དང་། བསྟན་པ་སྤྱི་དང་། འགྲོ་བ་ཡོངས་ཀྱི་ཕན་བདེ་དང་འབྲེལ་བ་ཞིག་ཡིན། དེར་བརྟེན་ངེད་གཉིས་ཀྱིས་བསྟན་པ་སྲ་བརྟན་དང་དར་རྒྱས་ཡོང་ཐབས་སུ་འབད་པའི་བྱ་བ་འདིར། ཀརྨ་བཀའ་བརྒྱུད་པར་གཏོགས་པ་ཡོངས་ནས་ལྷག་བསམ་གྱི་རྒྱབ་བརྟེན་དང་དཔུང་གྲོགས་ཡོང་བའི་བསྐུལ་མ་ཞུ་རྒྱུ་ཡིན་ལ། ཤེས་རབ་དང་སྙིང་རྗེ་ཟུང་དུ་འཇུག་པའི་བསྟན་པ་རིན་པོ་ཆེ་ནང་མཐུན་པ་ཡོང་རྒྱུ་ནི་ང་ཚོ་ཐུན་མོང་གི་ལས་འགན་ཞིག་ཡིན་པ་གོར་ཆགས་སོང་ཞེས་འཁོད་པ་དང་། མཇུག་ཏུ་ཀརྨ་པ་གཉིས་ཀས་མཚན་རྟགས་བཀོད་ཡོད་པ་རེད།། གནས་ཚུལ་གྱི་དྲ་འབྲེལ།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

 

Share this:
༢༤༢ ཀློག་གྲངས།