མི་བུ་ཞིག་གི་འཇོན་ཐང་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༢༠  ཕྱི་ལོ་ ༢༠༡༨/༡༠ /༡༠

བོད་པས་དུས་རྒྱུན་བོད་ནི་གླུ་གར་གྱི་རྒྱ་མཚོ་ཞིག་ཡིན་རབས་དང་། གཞས་པ་དང་གཞས་མ་དག་ལ་རང་ཉིད་ཀྱི་དགའ་མོས་བཞིན་གླུ་ཡི་རྒྱལ་པོ་དང་གླུ་ཡི་རྒྱལ་མོ་ཞེས་འབོད་ཅིང་། དེ་ཡང་རང་ཉིད་ཀྱི་འདོད་མོས་བཞིན་ལབ་པ་ལས་ཚད་གཞི་གང་ཡང་མེད། ལོ་སྔོན་མའི་རྒྱ་ནག་རྒྱལ་ཡོངས་ནས་འཛུལ་ཞུགས་བྱེད་ཆོག་པའི་“གླུ་སྐད་སྙན་མོ་”ཞེས་པའི་འགྲན་བསྡུར་ནང་། བོད་གཙང་ཁུལ་གྱི་ན་གཞོན་བཀྲ་ཤིས་ཕུན་ཚོགས་ལ་རྒྱལ་ཁ་ཨང་དང་པོ་ཐོབ་པ་དང་། ལོ་འདིར་བོད་མདོ་སྨད་རེབ་གོང་ནས་ཡིན་པའི་ན་གཞོན་བསྟན་འཛིན་ཉི་མ་ལ་རྒྱལ་ཁ་ཨང་དང་པོ་ཐོབ་ཡོད། འགྲན་སྡུར་འདི་ནི་ལས་སླ་པོ་ཞིག་གཏན་ནས་མིན་པར་རྒྱ་ནག་རྒྱལ་ཡོངས་སུ་མི་འབོར་དུང་ཕྱུར་བཅུ་བཞི་ལྷག་ཡོད་པའི་ནང་ནས་ཨང་དང་པོ་ཐོབ་པ་ཞིག་རེད། ད་དུང་ཉེ་ཆར་རྒྱ་གར་དུའང་བོད་མི་ན་གཞོན་ཞིག་གཙོ་བོར་གྱུར་པའི་གླུ་གཞས་ཚན་སྡེབ་ཅིག་ལའང་རྒྱ་གར་གྱི་འགྲན་སྡུར་ཞིག་ཏུ་ཨང་གཉིས་པའི་བྱ་དགའ་ཐོབ་ཡོད། འདི་དག་ལ་བརྟེན་ནས་བོད་ནི་འཛམ་གླིང་གི་ཁྲོད་ནས་གླུ་གར་གྱི་རྒྱ་མཚོ་ཡིན་མིན་གང་ལྟར་ཡང་དམིགས་བསལ་གྱི་ནུས་པ་ཞིག་ཡོད་པ་ར་སྤྲོད་བྱུང་བ་རེད།

སྤྱིར་བོད་ནང་ནས་བོད་མི་གླུ་གཞས་ཀྱི་ཐོག་ལ་སློབ་སྦྱོང་ཐོན་པ་གང་འཚམ་ཞིག་ཡོད་པ་དང་། རྒྱ་དམར་གཞུང་གི་ངོས་ནས་ཀྱང་བོད་མི་མང་པོ་ཞིག་ལ་གླུ་གཞས་བསླབས་ནས་བོད་ཀྱི་ཡར་རྒྱས་འུད་སྒྲོག་བྱེད་པ་དང་། བོད་ཀྱི་རིག་གནས་ལ་རྒྱ་ནག་གི་ཤུགས་རྐྱེན་སླེབས་ཆེད་སོགས་ལ་དམིགས་ནས་ཁོར་ཡུག་དང་མཐུན་རྐྱེན་གང་འཚམ་ཞིག་སྤྲད་དང་སྤྲོད་བཞིན་ཡོད། དེ་ནི་རྒྱ་གཞུང་གི་རེ་བ་དང་དམིགས་ཡུལ་ཡིན་ནའང་། བོད་པའི་ངོས་ནས་གནད་དོན་ལ་བརྟེན་ནས་བོད་མི་རིགས་ཀྱི་འཇོན་ཐང་མངོན་ཐུབ་པ་དང་། ད་བར་རྒྱ་གཞུང་གིས་རྒྱ་ནག་གི་སྤྱི་ཚོགས་ཁྱོན་ཡོངས་སུ་བོད་པ་ནི་གང་ཡང་མི་ཤེས་པའི་ཀླ་ཀློ་ཁྱུ་གཅིག་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པར་བརྟེན། གནས་ཚུལ་མང་པོ་ཤེས་རྟོགས་བྱེད་འདོད་མེད་པའི་མི་དཀྱུས་མ་ཞིག་ལ་མཚོན་ན། བོད་པ་ནི་རྒྱ་གཞུང་གིས་དྲིལ་བསྒྲགས་བྱས་པ་དེ་རང་དུ་ངོས་འཛིན་བྱེད་མཁན་མང་པོ་ཡོད་འདུག མི་ཕལ་ཆེ་བ་ནི་རང་བཞིན་གྱིས་གླུ་གཞས་ལ་དགའ་མོས་ཡོད་པས། ད་ལན་གྱི་གླུ་གཞས་འགྲན་སྡུར་འདི་ལྟ་བུའི་ཐོག་ནས་བོད་མི་རིགས་ལ་ངོས་འཛིན་གསར་པ་ཞིག་རང་བཞིན་གྱིས་ཡོང་གི་རེད།

ཆབ་སྲིད་ཀྱི་དྲིལ་བསྒྲགས་ལ་བདེན་དོན་ག་ཚོད་ཅིག་ཡོད་ནའང་། དེ་ལ་ཁྱོན་ཡོངས་ནས་ཚད་འཛིན་དང་དོ་སྣང་བྱེད་མཁན་སྤྱི་ཚོགས་ཁྱོན་ཡོངས་ནས་ཅུང་ཉུང་བ་དང་། སྒྱུ་རྩལ་ལ་བརྟེན་ནས་བྱུང་བའི་བག་ཆགས་ནི་མི་མང་གི་སེམས་ནང་དུ་ཆབ་སྲིད་ཀྱི་དྲིལ་བསྒྲགས་སོགས་དང་བསྡུར་ཐབས་གཏན་མེད་པར་ཤུགས་རྐྱེན་རྦད་དེ་ཆེ་བ་ཡོད། གནད་དོན་འདི་ལྟ་བུ་བརྒྱུད་ནས་བོད་མི་རིགས་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ནས་ངོས་འཛིན་གསར་པ་ཞིག་འཐོབ་ངེས་རེད། མ་འོངས་པར་ཡང་གོ་སྐབས་འདི་ལྟ་བུ་བརྒྱུད་ནས་བོད་མི་རིགས་ཀྱི་ངོ་བོ་དང་རྣམ་པ་སྤྱི་ཚོགས་གཞན་ལ་ངོ་སྤྲོད་བྱེད་ཐུབ་པ་བྱུང་ན། དེ་ནི་གོ་སྐབས་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་བོད་ཀྱི་ཟློས་གར་ཁང་གི་སྲོལ་རྒྱུན་གྱི་རིག་གནས་རྒྱུད་འཛིན་བྱེད་པའི་སྡིངས་ཆ་གལ་ཆེན་ཞིག་དང་། མི་རིགས་གཞན་གྱིས་ཡ་མཚན་དང་ངོ་མཚར་ཙམ་དུ་བརྩི་བ་ལས། སྤྱི་ཚོགས་གཞན་དང་གཞན་ལ་ཤུགས་རྐྱེན་དང་དོ་སྣང་དེ་ཙམ་སྤྲོད་ཐུབ་པ་ཞིག་ཏུ་འགྱུར་རྒྱུར་ཁོར་ཡུག་དང་ནུས་པ་གཉིས་ཀ་ད་དུང་མེད་ཅེས་བརྗོད་ཆོག

བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་གླུ་གཞས་ཆེད་སྦྱོང་སློབ་གྲྭ་མེད་པ་དང་། གླུ་གཞས་དང་རོལ་དབྱངས་ལ་དགའ་མོས་བྱེད་མཁན་མང་པོ་ཡོད་ཀྱང་། དེའི་ཐད་ཚད་མཐོའི་ཆེད་སྦྱོང་གི་གོ་སྐབས་ཐོབ་མྱོང་མཁན་ནི་ཕལ་ཆེར་མེད་པ་ལྟ་བུ་རེད། བཙན་བྱོལ་བོད་མི་མང་ཤོས་གནས་སྡོད་བྱེད་ཡུལ་རྒྱ་གར་རྒྱལ་ཁབ་ལ་མཚོན་ན། དོན་གྱིས་འཛམ་གླིང་ཧྲིལ་པོའི་ཁྱོན་ནས་གླུ་གར་གྱི་རྒྱ་མཚོ་ལྟ་བུ་རེད་ཅེས་བརྗོད་ཆོག་པ་མ་ཟད། ད་དུང་རྒྱ་གར་མི་མང་ནི་གླུ་གཞས་དང་གློག་བརྙན་ལ་དགའ་སྟོན་བྱེད་རྒྱུ་མང་དྲགས་པའི་ཚོད་ལྟ་བུ་ཞིག་ཏུ་གྱུར་ཡོད། ཁོར་ཡུག་འདི་ལྟ་བུ་ཞིག་ནས་བོད་རིགས་ནང་གཞོན་མང་པོ་ཞིག་གིས་ཆེད་སྦྱོང་གི་སློབ་ཚན་སྨན་ཞབས་པ་འདེམས་ཀྱི་ཡོད་ཀྱང་། དེའི་ཚོད་ཀྱིས་ཁོར་ཡུག་དང་གོ་སྐབས་ཡག་ཤོས་ཤིག་གཏན་ནས་མིན། དེ་བས་མ་འོངས་པར་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་དགའ་མོས་དང་ཐུན་མིན་གྱི་ཁྱད་ཆོས་ཡོད་པ་དག་གིས་རོལ་དབྱངས་དང་གླུ་གཞས་སོགས་ལ་ཆེད་སྦྱོང་བྱེད་ཐུབ་པ་ན། འཚོ་བ་དང་ཤུགས་རྐྱེན། མ་འོངས་པའི་མདུན་ལམ་སོགས་གང་ཐད་ནས་གོ་སྐབས་ཧ་ཅང་ཡག་པོ་ཞིག་ཏུ་འགྱུར་ངེས་པ་རེད།

མདོར་ན་ལོ་སྔོན་མ་དང་ད་ལོ་གཉིས་ཀར་བོད་པ་གཉིས་ཀྱིས་རྒྱ་ནག་རྒྱལ་ཁབ་ཁྱོན་ཡོངས་ནས་གླུ་གཞས་འགྲན་སྡུར་གྱི་ཨང་དང་པོ་ཐོབ་པ་དང་། འདི་ལ་བརྟེན་ནས་མ་འོངས་པར་རྒྱ་ནག་ཁྱོན་ཡོངས་སུ་སྐད་གྲགས་ཡོད་པའི་བོད་པ་གང་མང་ཞིག་ཡོང་ཐུབ་པའི་རེ་བ་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་སུའང་། འདི་ལྟ་བུའི་གོ་སྐབས་གང་མང་ཞིག་ལེན་ཐུབ་པ་བྱུང་ན་མ་འོངས་པར་མི་སྒེར་སོ་སོའི་འཚོ་བ་དང་། བོད་པའི་ཁ་མགོ་རྣ་དང་ལ་རྒྱ་ལའང་ཕན་ཐོགས་ཡོད་པ་ཞིག་ཏུ་འགྱུར་ངེས་པ་རེད། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་གློག་བརྙན་ཆུང་ཆུང་འདྲ་མིན་བཟོ་མཁན་ཡོད་ནའང་། འཁྲབ་སྟོན་པ་དེ་དག་ལ་སྒྱུ་རྩལ་དམིགས་བསལ་ཡོད་མཁན་ཞིག་ཕལ་ཆེར་མེད་པ་དང་། གལ་སྲིད་ཡོད་པའི་དབང་དུ་བཏང་ཡང་དེ་ནི་རང་བཞིན་དང་ལྷན་སྐྱེས་ཙམ་ལས། རྒྱུན་རིང་སྦྱོང་བརྡར་བྱས་ནས་དཔེར་ན་ངུ་དགོས་ས་ལ་ངུ་ཆོག་ཆོག་དང་། དགོད་དགོས་ས་ལ་དགོད་ཆོག་ཡོད་པའི་འཁྲབ་སྟོན་པ་མེད་པ་ལ་བརྟེན་ནས་ཚད་ལྡན་གྱི་གློག་བརྙན་ཞིག་ཡོང་དཀའ་བས། མ་འོངས་པར་བཙན་བྱོལ་བོད་པས་སྟོང་ཆ་དེ་ངེས་པར་དུ་སྐོང་ཐུབ་དགོས་པ་གལ་ཆེ།།

Share this:
༤༧༦ ཀློག་གྲངས།