རྒྱ་གར་ནང་འཁྲིག་སྤྱོད་དང་འབྲེལ་བའི་མནར་གཅོད་སྐོར་གྱི་ཉམས་ཞིབ།

ཟླ་འདིའི་ཕྱི་ཚེས་༡༦ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་ཆར་རྒྱ་གར་ནང་འཁྲིག་སྤྱོད་དང་འབྲེལ་བའི་མནར་གཅོད་ཀྱི་ཁ་གཏད་དུ། སྤྱི་ཚོགས་དྲ་རྒྱ་ཁག་ཏུ་ང་ཡང་(#me too)ཞེས་པའི་ལས་འགུལ་ཀྱི་ཚ་རླབས་འཕྱུར་བཞིན་ཡོད་ཀྱང་། བུད་མེད་ཧ་ཅང་མང་པོ་ཞིག་གིས་ད་དུང་ཡང་འཁྲིག་སྤྱོད་དང་འབྲེལ་བའི་མནར་གཅོད་ཀྱི་གནས་ཚུལ་མ་བརྗོད་པར་ལྷག་ཡོད་འདུག

དེ་ཡང་ཉེ་ཆར་(LocalCircles)ཞེས་པའི་ཚོགས་སྡེ་ཞིག་གིས་རྒྱ་གར་རྒྱལ་ཡོངས་སུ་འཁྲིག་སྤྱོད་དང་འབྲེལ་བའི་ཐོག་ནས་བརྙས་བཅོས་དང་། ཐུབ་ཚོད་ག་ཚོད་ཅིག་འབྱུང་གི་ཡོད་མེད་ཐོག་དྲ་རྒྱ་བརྒྱུད་ཉམས་ཞིབ་ཅིག་བྱས་ཡོད་པའི་ནང་། རྒྱ་གར་གྱི་ས་ཆ་འདྲ་མིན་ལ་གནས་སྡོད་བྱེད་མཁན་མི་༡༥༠༠༠ མཉམ་ཞུགས་བྱས་ཡོད་འདུག་པ་དང་། དེ་དག་གི་ཁོངས་ནས་རྒྱ་གར་གྱི་གྲོང་ཁྱེར་རིམ་པ་དང་པོ་ཁག་ནས་བརྒྱ་ཆ་༤༠ དང་། གྲོང་ཁྱེར་རིམ་པ་གཉིས་པ་ཁག་ནས་བརྒྱ་ཆ་༢༨། གྲོང་ཁྱེར་རིམ་པ་གསུམ་པ་དང་གྲོང་གསེབ་ཀྱི་ས་ཁུལ་ཁག་ནས་བརྒྱ་ཆ་༣༢ བཅས་བྱུང་ཡོད་འདུག ཉམས་ཞིབ་དེའི་ནང་འཛུལ་ཞུགས་བྱེད་མཁན་ཚང་མའི་ཁོངས་ནས་བརྒྱ་ཆ་༤༠ སྟེ། མི་༦༡༠༠ ཡས་མས་བུད་མེད་ཡིན་འདུག

ཉམས་ཞིབ་དེའི་གྲུབ་དོན་ལྟར་ན། ལན་འདེབས་བྱེད་མཁན་བརྒྱ་ཆ་༣༢ གྱིས་སོ་སོའི་ལས་ཀ་བྱེད་ཡུལ་ནས། འཁྲིག་སྤྱོད་དང་འབྲེལ་བའི་བརྙས་བཅོས་སོགས་སོ་སོས་མྱོང་བའམ། སོ་སོའི་ཁྱིམ་ཚང་གི་མི་གང་རུང་ལ་དེའི་དཀའ་ངལ་འཕྲད་པ། ཡང་ན་གཞན་ལ་དཀའ་ངལ་འཕྲད་པ་དངོས་སུ་མཐོང་བ་བཅས་བྱུང་ཡོད་སྐོར་བརྗོད་ཡོད་འདུག

དེ་བཞིན་སྤྱི་ཡོངས་ནས་ལན་འདེབས་བྱེད་མཁན་བརྒྱ་ཆ་༥༠ ཡིས་ལས་ཀའི་དུས་ཚོད་སྐབས་སུ་རང་ལ་ལས་ཀ་བྱེད་ཡུལ་ནས་འཁྲིག་སྤྱོད་དང་འབྲེལ་བའི་བརྙས་བཅོས་དང་ཐུབ་ཚོད་སོགས་བྱུང་སྐོར་བརྗོད་ཡོད་འདུག་པ་དང་། ལན་འདེབས་བྱེད་མཁན་བརྒྱ་ཆ་༧༨ ཡས་མས་ཀྱིས་འཁྲིག་སྤྱོད་དང་འབྲེལ་བའི་བརྙས་བཅོས་སོགས་ཀྱི་གནས་ཚུལ་དེ་མི་ཤུགས་ཐོན་ཁུངས་སྡེ་ཚན་(human resources department) ལ་ཞུས་མེད་སྐོར་བརྗོད་ཡོད་འདུག

ཉམས་ཞིབ་དེ་བརྒྱུད་ནས་དཀའ་ངལ་གཞན་ཞིག་ཤེས་རྟོགས་བྱུང་ཡོད་པ་ནི། མང་ཚོགས་ཀྱིས་གནས་ཚུལ་ག་འདྲ་ཞིག་འཁྲིག་སྤྱོད་དང་འབྲེལ་བའི་ཐོག་ནས་ཚུལ་དང་མི་མཐུན་པ་ཆགས་ཀྱི་ཡོད་མེད་ཀྱི་ས་མཚམས་གསལ་པོ་རྟོགས་ཀྱི་མེད་པ་དེ་ཡིན་འདུག

དེ་སྔོན་ཕྱི་ལོ་༢༠༡༣ ལོར་ལས་ཀ་བྱེད་ས་ནས་བུད་མེད་ལ་འཁྲིག་སྤྱོད་དང་འབྲེལ་བའི་མནར་གཅོད་ཡོང་གི་ཡོད་པའི་ཐོག་ཁྲིམས་ཞིག་བཅས་ཡོད་པའི་ནང་། ཚོགས་སྡེ་གང་ཡང་རུང་བ་ཞིག་ལ་ལས་མི་༡༠ ལས་ལྷག་ཡོད་ཚེ་ཚོགས་སྡེ་དེར་འཁྲིག་སྤྱོད་སོགས་ཀྱི་དཀའ་ངལ་ཞུ་གཏུག་དང་། ཉེས་འཛུགས་ར་སྤྲོད་ཁུངས་སྐྱེལ་བྱེད་སའི་རང་དབང་གི་ཚོགས་ཆུང་ཞིག་ངེས་པར་དུ་ཡོད་དགོས་པ་འཁོད་ཡོད་འདུག་ཀྱང་། ཚོགས་སྡེ་མང་པོ་ཞིག་གི་ནང་ཁྲིམས་དེ་དངོས་སུ་ལག་བསྟར་འབྱུང་ཐུབ་ཀྱི་མེད་འདུག

ང་ཡང་(#me too) ཞེས་པའི་ལས་འགུལ་དེ་ནི་ཐོག་མར་ཨ་རི་ནས་དར་ཏེ། ད་ལྟའི་ཆར་རྒྱ་གར་ནང་ལས་འགུལ་དེའི་ཚ་རླབས་འཕྱུར་ནས་འཁྲབ་སྟོན་མ་གྲགས་ཅན་དང་། གསར་འགྱུར་བརྒྱུད་ལམ་ཐོག་ལས་ཀ་བྱེད་མཁན་གྱི་བུད་མེད་སོགས། བུད་མེད་མང་པོ་ཞིག་ལ་ལས་ཀ་བྱེད་ཡུལ་ནས་སོ་སོར་འཁྲིག་སྤྱོད་དང་འབྲེལ་བའི་ཐོག་ནས་མནར་གཅོད་ཕོག་ཡོད་པའི་གནས་ཚུལ་བཤད་བཞིན་མདུན་དུ་ཐོན་ཡོང་གི་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༤༩ ཀློག་གྲངས།