རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག

རྒྱ་ནག་གི་སྲིད་བློན་ལི་ཁཱེ་ཆང་ཡུ་རོབ་ནེ་ཐར་ལན་ཌེ་ལ་སླེབས་པ་དང་བསྟུན། བོད་མི་དང་ཡུ་གུར་བ། ཧྥ་ལོང་གྷོང་ཉམས་ལེན་པ་སོགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག

ཟླ་༡༠ པའི་ཚེས་༡༤ ཉིན་རྒྱ་ནག་གི་སྲིད་བློན་ལེ་ཁཱེ་ཆང་ཡུ་རོབ་ནེ་ཐར་ལན་ཌེ་རྒྱལ་ཁབ་ལ་ཐེངས་དང་པོར་གཞུང་འབྲེལ་ལས་དོན་ཆེད་སླེབས་ཡོད་པ་དང་། དེ་ཡང་ལོ་༡༤ ཡི་ནང་རྒྱ་ནག་གི་སྲིད་བློན་ཞིག་རྒྱལ་ཁབ་དེར་སླེབས་པ་ཐེངས་དང་པོ་ཡིན་པ་རེད།

ཟླ་༡༠ པའི་ཚེས་༡༥ ཉིན་ཁོང་དང་ནེ་ཐར་ལན་ཌེའི་སྲིད་བློན་གཉིས་བར་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་བར་གྱི་ཚོང་འབྲེལ་ཐོག་གྲོས་མོལ་ལས་དོན་འགྲོ་བཞིན་པའི་སྐབས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ། ཡུ་གུར་བ། ཧྥ་ལོང་གྷོང་ཉམས་ལེན་པ་སོགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་འདུག བོད་མི་ཚོས་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་གློད་གྲོལ་གཏོང་དགོས་པ་དང་། བོད་ནང་དྲག་གནོན་མཚམས་འཇོག་དགོས་པ། ༧པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་པ། དེ་བཞིན་བོད་དོན་སེལ་ཐབས་ནི་བོད་ལ་རང་སྐྱོང་ཡིན་པ་སོགས་ཀྱི་འཕྲེད་དར་དང་རྒྱལ་དར་འཕྱར་ནས་ངོ་རྒོལ་སྐད་འབོད་བྱས་འདུག ལས་འགུལ་གོ་སྒྲིག་བྱེད་མཁན་ནེ་ཐར་ལན་ཌ་བོད་རིགས་ཚོགས་པ་དང་། ནེ་ཐར་ལན་ཌེ་བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཡིན་འདུག

ཚེས་༡༦ ཉིན་སྲིད་བློན་ལེ་ཁཱེ་ཆང་བྷེལ་ཇེམ་རྒྱལ་ཁབ་དུ་འབྱོར་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༦༢༡ ཀློག་གྲངས།