ཁེ་ན་ཌ་གཞུང་གིས་སོ་མ་ར་ཛ་ཁྲིམས་མཐུན་བཟོས་འདུག

རྒྱལ་སྤྱིའི་ནང་སོ་མ་ར་ཛ་ལོངས་སུ་སྤྱོད་བའི་ཁེ་ཕན་དང་གནོད་སྐྱོན་སྐོར་ལ་ཉམས་ཞིབ་དང་བགྲོ་གླེང་འགྲོ་བཞིན་ཁར། སོ་མ་ར་ཛ་ཁྲིམས་མཐུན་བཟོ་མཁན་རྒྱལ་ཁབ་གཉིས་པ་དེ་ཁེ་ན་ཌ་ཆགས་འདུག་པ་དང་། དང་པོ་དེ་ནི་ཡུ་རུ་གྷོ་ཡིན་པ་རེད།

ཟླ་༡༠ པའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༥ ལོའི་ཁེ་ན་ཌའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས། ད་ཡོད་ལས་ཁུར་སྲིད་བློན་ཀྲུ་རུ་ཌོ་ཡིས་སོ་མ་ར་ཛ་ལོངས་སུ་སྤྱོད་པ་དང་བདག་ཉར་བྱེད་པ་ཁྲིམས་མཐུན་བཟོ་རྒྱུ་ཁས་ལེན་བྱས་པ་ལྟར།་ཟླ་༡༠ པའི་ཚེས་༡༧ ཉིན་ནས་ཁེ་ན་ཌར་སོ་མ་ར་ཛ་ཁྲིམས་མཐུན་བཟོས་འདུག

དེ་ཡང་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་ནང་ཁྲིམས་འགལ་ཡིན་པའི་སོ་མ་ར་ཛ་དེ་ཁེ་ན་ཌར་ཁྲིམས་མཐུན་བཟོ་དགོས་པའི་རྒྱུ་མཚན་ནི། འཛམ་གླིང་ནང་སོ་མ་ར་ཛ་ལོངས་སུ་སྤྱོད་མཁན་མང་ཤོས་གྲས་ནང་ཁེ་ན་ཌ་ཚུད་ཀྱི་ཡོད་པས། སྔར་ཁྲིམས་འགལ་བཟོས་པའི་ཐག་གཅོད་དེས་ཕན་ཐོགས་བྱུང་མེད་པ་མ་ཟད། ལོངས་སུ་སྤྱོད་མཁན་རྣམས་ཀྱིས་ནག་ཚོང་རྒྱག་མཁན་ལག་ནས་ཉོ་ཡི་ཡོད་པས། གཞུང་ལ་ཁྲལ་འབབ་ཐོབ་ཀྱི་མེད་ཁར། ནག་ཚོང་པ་ཚོས་ཕྲུ་གུ་ལོ་ན་མ་སོན་པ་ཚོ་ལ་འཚོང་གི་ཡོད་པས། དེ་དག་མེད་པ་བཟོ་ཆེད་ཡིན་འདུག

ཁེ་ན་ཌ་གཞུང་གིས་ཚོད་དཔག་བྱས་པ་ལྟར་ན་སོ་མ་ར་ཛ་ཁྲིམས་མཐུན་བཟོས་པ་དེས། གཞུང་ལ་ཁྲལ་འབབ་ཨ་སྒོར་ས་ཡ་༤༠༠ ལོ་རེར་ཐོབ་ཀྱི་ཡོད་ཚོད་འདུག་པ་དང་། ཨ་རིའི་ནང་མངའ་སྡེ་ཁག་ཅིག་ནང་སོ་མ་ར་ཛ་ཁྲིམས་མཐུན་བཟོས་ཟིན་ཡོད་པ་རེད་ལ། ཁེ་ན་ཌར་སོ་མ་ར་ཛ་ཁྲིམས་འགལ་ཕྱི་ལོ་༡༩༢༣ ལོར་བཟོས་པ་དང་། སྨན་བཅོས་ཀྱི་ཆེད་དུ་ལོངས་སུ་སྤྱོད་ཆོག་པ་ཕྱི་ལོ་༢༠༠༡ ནས་བཟོས་འདུག

ཁེ་ན་ཌའི་ས་གནས་སྲིད་གཞུང་ཁག་གིས་སོ་མ་ར་ཛའི་ཚོང་ཁང་གང་དུ་འཛུགས་ཆོག་མིན་དང་གང་དུ་ལོངས་སུ་སྤྱོད་ཆོག་མིན་གྱི་ཐག་གཅོད་བྱེད་དགོས་ཀྱི་ཡོད་འདུག་པ་དང་། ཚོད་དཔག་བྱེད་པར་གཞིགས་ན་ལོ་དང་པོའི་ནང་སོ་མ་ར་ཛ་ཐོན་སྐྱེད་འདོན་ལས་ཀྱི་ས་གཞི་ཆེ་རུ་གཏོང་བཞིན་ཡོད་ཀྱང་། ཚོང་ཟོག་གི་གྲངས་འབོར་དེ་འགྲོ་རྒྱུག་གི་ཚད་གཞི་ལྟར་གདང་ངེས་ཐུབ་པ་ཞིག་ཡོང་ཐུབ་རྒྱུ་མིན་པ་རེད་འདུག

སོ་མ་ར་ཛ་ཁྲིམས་མཐུན་བཟོས་པ་དང་བསྟུན་ནས། དེས་མི་མང་གི་འཕྲོད་བསྟེན་དང་བདེ་འཇགས། དེ་བཞིན་དེ་ལོངས་སུ་སྤྱད་ནས་མོ་ཊ་གཏོང་སྐབས་ཉེན་ཁ་ཡོད་མེད་ཐད་སེམས་འཚབ་ཀྱི་གནད་གཅིག་ཡིན་འདུག་ཀྱང་། དེ་ལོངས་སུ་སྤྱོད་མཁན་མང་པོ་ཞིག་གིས་མོ་ཊ་གཏོང་བར་དཀའ་ངལ་མེད་ཚུལ་བརྗོད་ཡོད་འདུག

གལ་ཏེ་སོ་མ་ར་ཛ་ཁྲིམས་མཐུན་བཟོས་པ་དེས་རྒྱལ་ཁབ་ལ་ཁེ་ཕན་ཆེན་པོ་བྱུང་ཚེ། ཕྱི་ལོ་༢༠༡༩ ལོའི་ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུར་སྲིད་བློན་ཀྲུ་རུ་ཊོར་ཕན་ཐོག་ཆེན་པོ་བྱུང་རྒྱུ་ཡིན་འདུག་པ་དང་། གལ་ཏེ་གྲུབ་འབྲས་བཟང་པོ་བྱུང་ཚེ། རྒྱལ་ཁབ་གཞན་གྱིས་ཀྱང་སོ་མ་ར་ཛ་ཁྲིམས་མཐུན་བཟོ་སྲིད་པས། དེ་ལས་ཚོང་གི་སྒོ་གསར་པ་ཞིག་འབྱེད་ཐུབ་སྲིད་པ་རེད་འདུག

ད་ལྟའི་ཆར་སོ་མ་ར་ཛ་སྲེ་སྦྱོར་བྱས་པའི་བཟའ་བཏུང་རིགས་བཟོ་ཆོག་གི་མེད་ཀྱང་། ལོ་གཅིག་ནང་ཚུད་ཁྲོམ་དུ་སླེབས་རྒྱུར་ཚོད་དཔག་བྱེད་བཞིན་འདུག ད་ལྟའི་ཆར་མི་ཞིག་གིས་སོ་མ་ར་ཛ་ལོངས་སུ་སྤྱོད་ཆེད་སྤྱི་མང་ས་ཆར་གྷ་རམ་༣༠ འཁྱེར་ཆོག་ཡོད་པ་དང་། ཁྱིམ་ཚང་གཅིག་གིས་སོ་མ་ར་ཛ་རྩི་ཤིང་བཞི་ལས་མང་བ་འདེམས་འཛུགས་བྱེད་ཆོག་གི་མེད་པ་དང་། ནག་ཚོང་རྒྱག་མཁན་ནས་ཉོ་ཆོག་གི་མེད་པ་རེད། །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༡༢༡ ཀློག་གྲངས།